འཚོལ་བཤེར།   
藏文频道
2018ལོའི་ཟླ་1ཚེས་23ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་རང་སྐྱོང་ལྗོངས་ཀྱི་འགོ་ཁྲིད་ཀྱིས་ཚོགས་འདུ་གཉིས་ལ་ཞུགས་མཁན་འཐུས་མི་དང་ཨུ་ཡོན་
    ལ་གཟིགས་པ། 

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 01ཚེས་23ཉིན། 11:03】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། ཟླ་1ཚེས་22ཉིན་གྱི་ཕྱི་དྲོ། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་བློ་བཟང་རྒྱལ་མཚན་དང་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་རྡོ་ཐོགས་དང་། བསྟན་འཛིན་རྣམ་རྒྱལ། འོད་ཟེར། ཞུས་ཞུའེ་ཀོང་། ལི་ཝུན་ཧན། ཉི་མ་ཚེ་རིང་། ཅི་གོ་ཀང་། དྲུང་ཆེ་ལིའུ་ཀོང་ཤུས་བཅས་འཐུས་མི་རྣམས་ཀྱི་བཞུགས་གནས་སུ་ཕེབས་ནས་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་དང་པོར་ཞུགས་མཁན་གཞི་རིམ་གྱི་འཐུས་མི་ཚོར་གཟིགས་པ་རེད།
         བློ་བཟང་རྒྱལ་མཚན་དང་བཅས་པ་ལྷ་ས་དང་། མངའ་རིས། ནག་ཆུ། ཆབ་མདོ། གཞིས་རྩེ། ཉིང་ཁྲི། ལྷོ་ཁ། བཅིངས་འགྲོལ་དམག་བཅས་ཀྱི་འཐུས་མི་ཚོགས་པའི་བཞུགས་གནས་སུ་ཕེབས་ནས་འཐུས་མི་ཚོར་བྱམས་བརྩེའི་ངང་གཟིགས་པ་རེད། ས་ཆ་རེར་ཕེབས་རིམ་བཞིན་འཐུས་མི་རེ་རེ་དང་ཕྱག་བཏང་གནང་བ་མ་ཟད། ཚོགས་འདུར་ཞུགས་པའི་གྲ་སྒྲིག་གནས་ཚུལ་བྱམས་བརྩེའི་ངང་དྲིས་ནས་བོད་ཀྱི་འཕེལ་རྒྱས་མྱུར་པོ་དང་ཡུན་རིང་བདེ་འཁོད་ལ་སྐུལ་འདེད་གཏོང་ཆེད་སེམས་ནུས་འདོན་མཁན་གྱི་འཐུས་མི་རྣམས་ལ་ཐུགས་རྗེ་ཆེ་ཞུས་པ་རེད།
         བློ་བཟང་རྒྱལ་མཚན་གྱིས་དུས་རབས་གསར་པར་འགན་འཁྲི་གསར་པ་དཀྲིས་ཡོད་པས་རེ་བར་འཐུས་མི་ཚོས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་རླབས་ཆེན་དར་ཆ་མཐོན་པོར་སྒྲེང་བ་དང“འདུ་ཤེས་བཞི”བརྟན་པོ་བཙུགས་ནས་ཆབ་སྲིད་ཀྱི་སྤྲོ་སེམས་དང་འགན་འཁྲི་འཁུར་སེམས་ཆེན་པོའི་ཐོག་ནས་རྩ་ཁྲིམས་དང་བཅའ་ཁྲིམས་ཀྱིས་དཀྲིས་པའི་འགན་འཁྲི་ལྷག་བསམ་རྣམ་དག་ངང་སྒྲུབ་པ་དང་། སྤྱི་ཚོགས་ཀྱི་གནས་ཚུལ་དང་མི་དམངས་ཀྱི་བསམ་འདུན་གང་ལེགས་མངོན་པ། བློ་བསྡུས་དགེ་འཚོལ། ཇུས་གཞི་ཆེན་པོར་མཉམ་དུ་གྲོས་མོལ། ཏང་གི་འདོད་འདུན་དང་མི་དམངས་ཀྱི་བསམ་འདུན་ཚད་མཐོའི་གཅིག་གྱུར་ཡོང་བ་བཅས་བྱས་ནས་མཐུན་སྒྲིལ་དང་། ངར་སྐུལ། དམངས་གཙོ། དོན་གཉེར། བདེ་འཇགས། ཐུགས་གྲ་ལེགས་འགྲིག་བཅས་ཀྱི་ཐོག་ནས་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་དང་པོ་འཚོགས་ཏེ་ཏང་ཀྲུང་དབྱང་དང་། ལྗོངས་ཏང་ཨུད། འཐུས་མི་ཡོངས་བཅས་ཐུགས་བློ་བདེ་བ་དང་མི་རིགས་ཁག་གི་མི་དམངས་བློ་ཡིད་ཚིམ་པོ་ཡོང་བ་བྱེད་དགོས་ཞེས་གསུངས་པ་རེད།
        འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་གནས་ཚུལ་འབྱོར་གསལ། ཚེས་21ཉིན་གྱི་ཕྱི་དྲོ་ཧྲུའུ་ཅི་ཝུའུ་དབྱིང་ཅེ་དང་ཀྲུའུ་ཞི་འཕགས་པ་ལྷ་དགེ་ལེགས་རྣམ་རྒྱལ་གྱི་མངགས་བཅོལ་ལྟར། ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཧྲུའུ་ཅི་གཞོན་པ་ལྗོངས་སྲིད་གྲོས་ཏང་ཙུའུ་ཡི་ཧྲུའུ་ཅི་ཏིང་ཡེ་ཤན་དང་། ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དང་། རང་སྐྱོང་ལྗོངས་སྲིད་གྲོས་ཏང་ཙུའུ་ཡི་ཧྲུའུ་ཅི་གཞོན་པ་དང་ཀྲུའུ་ཞི་གཞོན་པ། ལྗོངས་ཏང་ཨུད་འཐབ་ཕྱོགས་གཅིག་གྱུར་པུའི་པུའུ་ཀྲང་བཅས་ཡིན་པའི་བསྟན་ཁོ། རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཀའོ་དབྱང་། པད་མ་རྣམ་རྒྱལ། སྒྲུབ་ཁང་ཐུབ་བསྟན་མཁས་གྲུབ། བློ་བཟང་འགྱུར་མེད། རྫོང་ལོ་བྱམས་པ་མཁས་གྲུབ། ས་ལུང་ཕུན་ལགས། བསོད་ནམས་རིག་འཛིན། ངག་དབང་། ང་ཕོད་འཇིགས་ཡོན། ཚེ་དབང་སྟོབས་རྒྱལ་བཅས་ཀྱིས་ཨུ་ཡོན་གྱི་བཞུགས་གནས་སུ་ཕེབས་ཏེ་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་དང་པོར་ཞུགས་མཁན་གཞི་རིམ་གྱི་སྲིད་གྲོས་ཨུ་ཡོན་ལ་གཟིགས་ནས་ཚང་མར་གཟི་བརྗིད་ལ་གཅེས་སྤྲས་དང་འགན་འཁྲི་གཙང་སྒྲུབ་ཀྱིས་ཐབས་དང་ཇུས་ཧུར་ཐག་བཏོན་ཏེ་མཛེས་སྡུག་ལྡན་པའི་འབྱུང་འགྱུར་ཐུན་མོང་ཐོག་དོན་གཉེར་བྱེད་དགོས་པའི་ལྕག་སྐུལ་གནང་བ་རེད།
         ཨུ་ཡོན་ཚོས་ཆབ་སྲིད་ཀྱི་སྤྲོ་སེམས་ཆེན་པོ་དང་འགན་འཁུར་གྱི་རྣམ་འགྱུར་ཡག་པོར་བརྟེན་ནས་ཆབ་སྲིད་གྲོས་མོལ་དང་། དམངས་གཙོ་ལྟ་སྐུལ། སྲིད་ཞུགས་སྲིད་གླེང་བཅས་ཀྱི་འགན་ནུས་ནན་ཏན་སྒྲུབ་པ་དང་། ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་གཏན་འཁེལ་གནང་བའི་ལྟེ་བའི་ལས་དོན་ལ་དམ་པོར་དམིགས་པ། སྲིད་གྲོས་ཨུ་ཡོན་གྱི་བླ་ན་མེད་པའི་འགན་འཁྲི་ཡག་པོ་སྒྲུབ་པ། ཐབས་ཇུས་ཧུར་ཐག་འདོན་པ། མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ་བྱེད་པ། ཕྱོགས་ཁག་གི་བློ་གྲོས་དང་སྟོབས་ཤུགས་གཅིག་ཏུ་སྒྲིལ་བ། སྙན་སྒྲོན་ཁག་ལ་གྲོས་ཞིབ་ནན་ཏན་བྱེད་པ། དམངས་གཙོའི་ཁེ་དབང་ཡང་དག་སྤྱོད་པ། ནུས་ཤུགས་གཅིག་སྒྲིལ་གྱིས་ཚོགས་འདུ་ཡག་པོ་འཚོག་པ་བཅས་བྱས་ནས་ཚོགས་ཆེན་ལ་གྲུབ་འབྲས་ཐོབ་རྒྱུ་འགན་ལེན་གྱིས་རང་ལྗོངས་ཀྱི་འཕེལ་རྒྱས་མྱུར་པོ་དང་ཡུན་རིང་བདེ་འཁོད་ལ་སྐུལ་འདེད་གཏོང་ཆེད་བློ་གྲོས་དང་སྟོབས་ཤུགས་སྐྱེས་སུ་འབུལ་རྒྱུ་ཡིན་ཞེས་གཅིག་རྗེས་གཉིས་མཐུད་ངང་གསུངས་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།