འཚོལ་བཤེར།   
藏文频道
2018ལོའི་ཟླ་1ཚེས་22ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་པའི་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུ་
    ཐེངས་38པ་འཚོགས་པ། 

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 01ཚེས་22ཉིན། 16:06】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། ཟླ་1ཚེས་18ཉིན་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་པའི་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུ་ཐེངས་སོ་བརྒྱད་པ་ལྷ་སར་འཚོགས་པ་རེད། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་བློ་བཟང་རྒྱལ་མཚན་གྱི་མངགས་བཅོལ་ལྟར་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་རྡོ་ཐོགས་ཀྱིས་ཚོགས་འདུ་གཙོ་སྐྱོང་གནང་བ་རེད། ད་ཐེངས་ཀྱི་ཚོགས་འདུའི་ལས་འགན་གཙོ་བོ་ནི་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་དང་པོ་འཚོག་རྒྱུའི་གྲ་སྒྲིག་བྱ་རྒྱུ་དེ་རེད། 
         གྲོས་འཆམ་བྱུང་བའི་གྲོས་རིམ་གཞིར་བཟུང་། ཚོགས་འདུའི་ཐོག་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་པའི་རྒྱུན་ལས་ཨུ་ལྷན་གྱི་ལས་དོན་སྙན་སྒྲོན་གྱི་མ་ཟིན་ལ་གྲོས་ཞིབ་བྱས་པ་དང་། གྲོས་ཞིབ་བསམ་འཆར་ལ་གཞིགས་ནས་ལས་དོན་སྙན་སྒྲོན་མ་ཟིན་ལ་དགོས་ངེས་ཀྱི་བཟོ་བཅོས་བརྒྱབ་ནས་འཐུས་ཚང་བྱུང་རྗེས་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་དང་པོའི་ཐོག་གྲོས་ཞིབ་བྱ་རྒྱུར་འབུལ་རྒྱུ་རེད། 
         ཚོགས་འདུའི་ཐོག་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་དང་པོའི་གྲོས་རིམ་གྱི་འཆར་ཟིན་ལ་བརྡས་ཐག་བཅད་ནས་གྲོས་འཆམ་བྱུང་སྟེ་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་དང་པོའི་གྲ་སྒྲིག་ཚོགས་འདུའི་ཐོག་གྲོས་ཞིབ་བྱ་རྒྱུར་འབུལ་རྒྱུའི་གཏན་འབེབས་བྱས་པ་དང་། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་དང་པོའི་ཀྲུའུ་ཞི་ཚོགས་པ་དང་དྲུང་ཆེའི་མཚན་ཐོའི་འཆར་ཟིན་ལ་གྲོས་འཆམ་བྱུང་ནས་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་དང་པོའི་གྲ་སྒྲིག་ཚོགས་འདུར་འདེམས་བསྐོར་འབུལ་རྒྱུའི་གཏན་འབེབས་བྱས་པ་རེད། 
        ཚོགས་འདུའི་ཐོག་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གཅིག་པའི་འཐུས་མིའི་ཐོབ་ཐང་སྐོར་གྱི་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་པའི་རྒྱུན་ལས་ཨུ་ལྷན་གྱི་འཐུས་མིའི་ཐོབ་ཐང་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཞིབ་བཤེར་སྙན་ཞུར་གྲོས་ཞིབ་བྱས་པ་དང་འབྲེལ་བརྡས་ཐག་བཅད་ནས་གྲོས་འཆམ་ཡང་བྱུང་བ་རེད། ལྗོངས་ཏང་ཨུད་ཀྱི་འགོ་ཁྲིད་འོག་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱིས་ཏང་ཀྲུང་དབྱང་དང་ལྗོངས་ཏང་ཨུད་ཀྱི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་ནན་ཏན་བྱས་ནས་ས་གནས་ཀྱི་རྩ་འཛུགས་བཅའ་ཁྲིམས་དང་འདེམས་བསྐོའི་བཅའ་ཁྲིམས་སོགས་ཀྱི་འབྲེལ་ཡོད་བཅའ་ཁྲིམས་ཁྲིམས་སྲོལ་གྱི་གཏན་འབེབས་ལ་དམ་པོར་གཞིགས་ཏེ་དམངས་གཙོ་དར་སྤེལ་ཧུར་ཐག་བཏང་བས་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་འདེམས་བསྐོ་བདེ་བླག་ངང་ལེགས་གྲུབ་བྱུང་ནས་འདེམས་བསྐོ་ཚན་པ་24ཡི་ནང་ནས་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་འཐུས་མི་ཁྱོན་439བདམས་ཐོན་བྱུང་བ་དག་ལ་མཚོན་བྱེད་རང་བཞིན་རྒྱ་ཁྱབ་ལྡན་ཡོད་པས་འཐུས་མིའི་གྲུབ་ཆ་སྔར་བས་ལེགས་སྒྲིག་བྱུང་ཡོད། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་པའི་རྒྱུན་ལས་ཨུ་ལྷན་གྱི་ཐོབ་ཐང་ཞིབ་བཤེར་ཨུ་ལྷན་གྱིས་བདམས་ཐོན་བྱུང་བའི་འཐུས་མིའི་ཐོབ་ཐང་ལ་ཞིབ་བཤེར་བྱས་པ་དང་། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱིས་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་འཐུས་མི་439ཡི་ཐོབ་ཐང་ཚང་མ་གོ་ཆོད་ཡིན་པའི་ཁས་ལེན་བྱས་ནས་ཚོགས་འདུ་གྲོལ་རྗེས་སྤྱི་བསྒྲགས་དང་འཐུས་མིའི་མཚན་ཐོ་ཡོངས་བསྒྲགས་བྱ་རྒྱུའི་གཏན་འབེབས་བྱས་པ་རེད། 
         ཚོགས་འདུའི་ཐོག་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་མངགས་བཅོལ་བཞིན་རང་སྐྱོང་ལྗོངས་ནོར་སྲིད་ཐིང་གི་ཐིང་ཀྲང་གཞོན་པ་ལུའུ་མིང་ཤིའུ་ཡིས་གནང་བའི་《བོད་རང་སྐྱོང་ལྗོངས་ཀྱི་རླུང་ཁམས་ཆེ་མོའི་སྦགས་བཙོག་དང་ཆུའི་སྦགས་བཙོག་སྤྱད་འཐུས་ཁྲལ་འབབ་ཀྱི་གཏན་འབེབས་(འཆར་ཟིན)》སྐོར་གྱི་གསལ་བཤད་དང་། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་ནོར་སྲིད་དང་དཔལ་འབྱོར་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ་ཨུ་ཡོན་རྡོ་རྗེ་ཚེ་དབང་གིས་གནང་བའི་《བོད་རང་སྐྱོང་ལྗོངས་ཀྱི་རླུང་ཁམས་ཆེ་མོའི་སྦགས་བཙོག་དང་ཆུའི་སྦགས་བཙོག་ལ་སྤྱད་འཐུས་ཁྲལ་འབབ་ཀྱི་གཏན་འབེབས་(འཆར་ཟིན)》ཀྱི་གྲོས་ཞིབ་བསམ་འཆར་གྱི་སྙན་ཞུ་གསན་པ་དང་། 《བོད་རང་སྐྱོང་ལྗོངས་ཀྱི་རླུང་ཁམས་ཆེ་མོའི་སྦགས་བཙོག་དང་ཆུའི་སྦགས་བཙོག་ལ་སྤྱད་འཐུས་ཁྲལ་འབབ་ཀྱི་གཏན་འབེབས་》ལ་བརྡས་ཐག་བཅད་ནས་གྲོས་འཆམ་བྱུང་བ་རེད། རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་མངགས་བཅོལ་བཞིན་རང་སྐྱོང་ལྗོངས་རྩིས་བཤེར་ཐིང་གི་ཐིང་ཀྲང་སུན་ཤིའུ་ཁྲུན་གྱིས་གནང་བའི་《བོད་རང་སྐྱོང་ལྗོངས་ཀྱི་2016ལོའི་ལོ་འཁོར་གྱི་རིམ་པ་འདི་གའི་སྔོན་རྩིས་ལག་བསྟར་དང་དེ་མིན་གྱི་ནོར་སྲིད་གཏོང་སྤྲོད་རྩིས་བཤེར་བྱས་ནས་ཞིབ་བཤེར་ཐུབ་པའི་གནད་དོན་དག་ཐེར་དོན་འཁྱོལ་གྱི་གནས་ཚུལ་སྙན་ཞུ་》གསན་པ་དང་འབྲེལ་གྲོས་ཞིབ་བྱས་པ་རེད། 
         ད་དུང་ཚོགས་འདུའི་ཐོག་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་པའི་ཚོགས་འདུ་ཐེངས་ལྔ་པའི་འཐུས་མིའི་གྲོས་གཞིར་གྲོས་ཞིབ་བྱས་འབྲས་སྐོར་གྱི་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་མི་རིགས་ཆོས་ལུགས་ཕྱི་དོན་ཕྱིར་སྡོད་རང་མིའི་ལས་དོན་ཨུ་ཡོན་ལྷན་ཁང་གི་སྙན་ཞུ་དང་། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་པའི་རྒྱུན་ལས་ཨུ་ལྷན་གྱི་འཐུས་མིའི་ཐོབ་ཐང་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་གསབ་སྣོན་ཨུ་ཡོན་གྱི་མཚན་ཐོ། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་པའི་འཐུས་མི་ཁག་གཅིག་གི་ཐོབ་ཐང་སྐོར་གྱི་སྙན་ཞུར་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་བ་རེད། 
         ཚོགས་འདུའི་ཐོག་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་དང་པོ་འཚོག་ཉེར་ཡོད། མིག་སྔར་ཚོགས་ཆེན་གྱི་གྲ་སྒྲིག་ལས་དོན་ཁག་ལ་ཏན་ཏིག་དང་གོ་རིམ་ལྡན་པའི་ངང་སྐུལ་འདེད་གཏོང་བཞིན་ཡོད་པས་ཐོག་མཐའ་བར་གསུམ་དུ་ཆབ་སྲིད་ཀྱི་སྤྲོ་སེམས་རབ་ཏུ་འཕེལ་བ་དང་། བསམ་པའི་ཉམས་འགྱུར་བཟང་པོ། ལས་ཀའི་སྤྱོད་ཚུལ་ནན་པོ་བཅས་ཀྱི་ཐོག་ནས་སེམས་ནུས་གཅིག་སྒྲིལ་གྱིས་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་དང་པོ་དེ་མཐུན་སྒྲིལ་དང་། ངར་ཤུགས། དམངས་གཙོ། དངོས་གཉེར། བདེ་འཇགས། ཐུགས་གྲ་ལེགས་འགྲིག་བཅས་ཀྱི་ཚོགས་འདུ་ཞིག་ཏུ་འཚོགས་ཏེ་ཏང་ཀྲུང་དབྱང་དང་། ལྗོངས་ཏང་ཨུད། མི་དམངས་འཐུས་ཚོགས་ཀྱི་འཐུས་མི། ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་བཅས་བློ་ཡིད་ཚིམ་པ་ཡོང་བ་བྱེད་དགོས་ཞེས་བསྟན་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།