འཚོལ་བཤེར།   
藏文频道
2018ལོའི་ཟླ་1ཚེས་13ཉིན།
  • མི་དམངས་དྲ་བ།

    ༄༅།།དབྱིན་ཇི་ནས་ཁ་པར་རྒྱག་སྐབས་ཀྲུང་གོའི་སྡེབ་གྲོན་སྤྱད་ཆོག་པ། 

    དབྱིན་ཇིར་བཅའ་སྡོད་འདི་ག་ཚགས་པར་གྱི་གསར་འགོད་པ། ཆང་ཝུའེ་ཡིས། 

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 01ཚེས་13ཉིན། 16:34】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
          མི་དམངས་དྲ་བའི་འཕྲིན། དྲ་ཚིགས་སུ་ཆ་འཕྲིན་བྲིས་ནས་ཉིན་འགའ་སོང་རྗེས་རིན་པ་མི་དགོས་པའི་ཁ་པར་གཱ་ཞིག་ཁྱིམ་དུ་སྐུར་གྱི་ཡོད་ཅིང་། འགྲོ་སོང་དེ་ཡུལ་དེ་རང་གི་གཉེར་སྐྱོང་ཀུང་སི་དང་སྤྱིའི་ཆ་ནས་གཅིག་མཚུངས་ཡིན་པ་དང་། སྡེབ་གྲོན་བདམས་རྗེས་རྒྱལ་ནང་གི་ནང་མི་དང་ཁ་པར་རྒྱག་ཆོག་གི་ཡོད། ཁ་པར་གྱི་བརྡ་རྟགས་དང་དྲ་ཞུགས་མྱུར་ཚད་ཀྱང་ཡག་པོ་ཡོད་པ་རེད།
         2017ལོའི་ཟླ་12པར། ཀྲུང་གོ་སྒུལ་བདེའི་རྒྱལ་སྤྱིས་དབྱིན་ཇིར་སྒུལ་བདེའི་རྟོག་བཟོའི་དྲ་རྒྱ་གཉེར་སྐྱོང་ཀུང་སིའི་ཞབས་ཞུ་ཁྱབ་གདལ་བཏང་བ་རེད།
         ཀྲུང་གོ་སྒུལ་བདེའི་རྒྱལ་སྤྱིས་ད་ཐེངས་ཁྱབ་གདལ་བཏང་བའི་ཞབས་ཞུ་ནི་དབྱིན་ཇིའི་གཉེར་སྐྱོང་ཀུང་སི་དབྱིན་ཇི་གློག་འཕྲིན(BT)དང་མཉམ་ལས་བྱས་པ་ཞིག་རེད། དབྱིན་ཇི་གློག་འཕྲིན་གྱིས་2016ལོར་དབྱིན་ཇིའི་སྒུལ་བདེ་དྲ་རྒྱ་གཉེར་སྐྱོང་ཀུང་སི་ཆེ་ཤོས་EEཀུང་སི་ཉོས་ཤིང་། མིག་སྔར་EEདྲ་རྒྱ་དབྱིན་ཇིར་ཁྱབ་ཚད་86%ཟིན་པ་དང་། 2020ལོར་སླེབས་སྐབས་95%ཟིན་རེ་ཡོད། ཀྲུང་གོ་གློག་འཕྲིན་གྱིས་EEཡི་ཀུང་སི་སྔ་མ་དང་གྲོས་མཐུན་གན་རྒྱ་བཞག་ཡོད།
         ཀྲུང་གོའི་གཉེར་སྐྱོང་ཀུང་སི་ཚང་མས་དབྱིན་ཇིའི་ཁྲོམ་ར་ཡག་པོ་ཡོད་པའི་ངོས་འཛིན་བྱེད་དོན་གང་ཡིན་ནམ། ཀྲུང་གོ་སྒུལ་བདེའི་རྒྱལ་སྤྱིས་སྤེལ་བའི་གྲངས་གཞིར་གཞིགས་ན། མིག་སྔར་དབྱིན་ཇིར་ཀྲུང་གོ་བ་ཁྲི་43.2ལྷག་ཙམ་ཡོད་པ་དང་ཀྲུང་གོའི་ཕྱི་སྦྱོང་སློབ་མ་ཁྲི་10ཙམ་དབྱིན་ཇིའི་ས་གནས་ཁག་ཏུ་སློབ་སྦྱོང་བྱེད་ཀྱི་ཡོད། 2017ལོའི་ལོ་སྟོད་དུ་དབྱིན་ཇིར་ཡུལ་སྐོར་དུ་སྐྱོད་མཁན་ཀྲུང་གོའི་ཡུལ་སྐོར་བ་མི་ཐེངས་ཁྲི་11.5ཟིན་པ་དེ་2016ལོའི་དུས་མཚུངས་ལས་47%འཕར་ཡོད། ཕྱོགས་གཅིག་ནས་ཀྲུང་དབྱིན་རྒྱལ་ཁབ་གཉིས་པོའི་དབར་མི་སྣ་འགྲོ་འོང་ཉིན་རེ་བཞིན་མང་དུ་འགྲོ་བ་དེས་སྟབས་བསྟུན་སྣ་མང་དང་སྟབས་བདེའི་འཕྲིན་གཏོང་ཞབས་ཞུར་བླང་བྱ་གསར་པ་བཏོན་ཡོད་པ་དང་། ཕྱོགས་གཞན་ཞིག་ནས་དབྱིན་ཇིར་འཚོ་བ་སྐྱེལ་མཁན་ཀྲུང་གོ་བ་དང་། ཕྱི་སྦྱོང་སློབ་མ། དེ་བཞིན་ཀྲུང་དབྱིན་རྒྱལ་ཁབ་གཉིས་དབར་ཕར་འགྲོ་ཚུར་འོང་ཡང་སེ་བྱེད་དགོས་པའི་ཚོང་འགྲུལ་མི་སྣས་ཀྲུང་གོའི་གཉེར་སྐྱོང་ཀུང་སི་ཕྱི་རྒྱལ་དུ་ཁྱབ་རྒྱུར་དམིགས་འབེན་ཚོགས་སྤྱི་ཆེན་པོ་ཞིག་མཁོ་འདོན་ཐུབ་ཡོད།
        ཁོར་ཡུག་ཆེ་མོའི་ངོས་ནས་བརྗོད་ན། ད་ཕན་ལོ་ཤས་རིང་། ཀྲུང་དབྱིན་རྒྱལ་ཁབ་གཉིས་པོའི་དབར་གྱི་དཔལ་འབྱོར་ཚོང་དོན་མཉམ་ལས་དང་སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་སྤེལ་རེས་རྒྱུན་ཆད་མེད་པར་ཟབ་ཏུ་ཕྱིན་ནས་ཀྲུང་གོའི་ཁེ་ལས་དབྱིན་ཇིར་གཞིས་ཆགས་རྒྱུར་མཐུན་རྐྱེན་བཟང་པོ་བསྐྲུན་ཡོད། མི་རིང་བའི་གོང་འཚོགས་པའི་ཀྲུང་དབྱིན་གྱི་དཔལ་འབྱོར་དང་ནོར་སྲིད་དངུལ་རྩའི་གླེང་མོལ་ཐེངས་དགུ་པར་གྲུབ་འབྲས་གཡུར་དུ་ཟ་བ་ཐོབ་པ་དང་། ཕྱོགས་གཉིས་པོས“མཉམ་གྲོས་མཉམ་སྐྲུན་མཉམ་སྤྱོད”ཀྱི་རྨང་གཞིའི་ཐོག“རྒྱུད་གཅིག་ལམ་གཅིག”གི་གྲོས་འགོའི་འབྲེལ་ཡོད་མཉམ་ལས་ལ་ཤུགས་སྣོན་རྒྱག་རྒྱུའི་མོས་མཐུན་བྱས་པ་རེད། 
      

    ཕྱོགས་བསྡུས་གསར་འགྱུར།