འཚོལ་བཤེར།   
藏文频道
2018ལོའི་ཟླ་1ཚེས་13ཉིན།
  • མི་དམངས་དྲ་བ།

    ༄༅།།མཚོ་སྔོན་པོའི་སྟོངས་ལ་ཉེ་བའི་ཙོང་ཉ་མང་དུ་ཕྱིན་པ། 

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 01ཚེས་13ཉིན། 16:44】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
          མི་དམངས་དྲ་བའི་འཕྲིན། ཉེ་བའི་ལོ་བཅུ་ལྷག་ཙམ་རིང་ཙོང་ཉ་སྟོངས་ལ་ཉེ་བ་ནས་མང་དུ་ཕྱིན་པའི་བར་གྱི་དར་རྒུད་ཐོག་ནས་མཚོ་སྔོན་པོའི་སྣོད་བཅུད་ཁོར་ཡུག་ལེགས་སུ་ཕྱིན་པའི་དཔང་པོ་བྱས་ཡོད་ལ། མཚོ་སྔོན་པོའི་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་བྱུང་བའང་དེ་བས་མཚོན་ཡོད།
          དགུན་ཨ་རང་ད་རང་སྐབས་ས་མཐོར་ཆུ་ཐིགས་ཀྱང་འཁྱགས་པ་ཐེབས་ཀྱི་ཡོད། མཚོ་སྔོན་ཞིང་ཆེན་ཟི་ལིང་གྲོང་ཁྱེར་དུ་གནས་པའི་མཚོ་སྔོན་པོའི་ཙོང་ཉ་སྲུང་སྐྱོབ་ལྟེ་གནས་ནང་གི་དྲོད་ཚད་དཔྱིད་ཀ་ལྟར་ཡིན་པས་རིང་ཚད་ལ་ཚུན་གཉིས་ཙམ་ལྡན་པའི་ཐལ་སེར་མདོག་གི་ཉ་མང་པོ་ཞིག་ཆུ་རྫིང་ནང་བག་ཕེབས་ངང་གནས་ཡོད།
         གསར་འགོད་པར་ཤེས་རྟོགས་བྱུང་གསལ། ཉ་ཕྲུག་ཁྱོན་ཁྲི་500ཙམ་ཡོད་པས་དེ་ནི་2017ལོར་ཙོང་ཉ་གནས་སྤོ་བྱེད་སྐབས་བསྡུ་རུབ་གསོ་སྤེལ་བྱས་པ་ཞིག་རེད། ཟླ་ལྔ་སོང་རྗེས་སླར་ཡང་འདི་ལོའི་གནས་སྤོའི་དུས་ཚིགས་སུ་སླེབས་པས་ཉ་དེ་དག་རང་བྱུང་ཁམས་ཀྱི་མ་ཡུམ་མཚོ་སྔོན་པོའི་ནང་གློད་རྒྱུ་རེད།
          མཚོ་སྔོན་པོའི་ཙོང་ཉ་སྲུང་སྐྱོབ་ལྟེ་གནས་ཀྱི་ཀྲུའུ་རེན་ཧྲི་ཅན་ཆོན་གྱིས་ལོ་ལྟར་གནས་སྤོའི་དུས་ཚིགས་སུ་ལག་རྩལ་པས་མི་ཐབས་ལ་བརྟེན་ནས་ཙོང་ཉ་འཕེལ་ཐབས་བྱས་རྗེས་རིང་ཚད་ལ་ལི་སྨི་1.5ཡོད་པའི་ཉ་ཕྲུག་དག་མཚོ་སྔོན་པོའི་ཙོང་ཉ་སྲུང་སྐྱོབ་ལྟེ་གནས་སུ་གསོ་སྤེལ་བྱེད་པ་དང་འབྲེལ་ལོ་གཅིག་རིང་གི་གསོ་སྤེལ་བརྒྱུད་རིང་ཚད་ལ་ལི་སྨི་7.4ཟིན་པ་དེ་དག་ལ་ཞིབ་བཤེར་དང་ནད་ཡམས་བརྟག་ཞིབ་བྱས་རྗེས་དེ་སྔའི་ཆུའི་ནང་གློད་ཀྱི་ཡོད་ཅེས་ངོ་སྤྲོད་བྱས་པ་རེད།
         ལྟ་ཞིབ་ཚད་ལེན་བྱས་པར་གཞིགས་ན། 2002ལོར་མཚོ་སྔོན་པོའི་ཙོང་ཉ་ཐོན་ཚད་ཏུན་2592ཟིན་གྱི་ཡོད་པ་དེས་སྔོན་མའི་ཐོན་ཚད་ཀྱི་0.81%ལས་ཟིན་གྱི་མེད། 2004ལོར་མཚོ་སྔོན་པོའི་ཙོང་ཉ་《ཀྲུང་གོའི་དངོས་རིགས་ཀྱི་མིང་གཞུང་དམར་པོའི་》སྟོངས་ཉེའི་དངོས་རིགས་ནང་བཅུག་ཡོད།
         མཚོ་སྔོན་ཞིང་ཆེན་ཞིང་འབྲོག་ཐིང་ཉ་ལས་ཅུས་ཀྱི་ཅུས་ཀྲང་ཝང་ཧའེ་ཡིས། དུས་རབས་གོང་མའི་ལོ་རབས་80ནས་ད་བར་མཚོ་སྔོན་ཞིང་ཆེན་གྱིས་ཙོང་ཉ་སྲུང་སྐྱོང་བྱ་ཆེད་སྔ་རྗེས་སུ“མཚོ་བཀག་ཉ་གསོ”ཐེངས་ལྔ་བྱས་པ་དང་། 2002ལོར་ཉ་གཏན་ནས་མི་འཛིན་པའི་བྱ་ཐབས་ནན་པོ་ལག་ལེན་བསྟར་འགོ་བཙུགས་ཏེ། ལྐོག་ཏུ་ཉ་བཟུང་མཁན་ལ་རྡུང་རྡེག་གཏོང་ཤུགས་ཆེ་རུ་བཏང་ཡོད། དེ་དང་དུས་མཚུངས་མི་ཐབས་ལ་བརྟེན་ནས་ཙོང་ཉའི་ཉ་ཕྲུག་འཕེལ་ཐབས་ཀྱི་ལག་རྩལ་འཚོལ་ཞིབ་བྱས་ཡོད་ཅེས་བཤད།
         བསྡོམས་རྩིས་ཀྱི་གྲངས་གཞི་ལས་མངོན་པ་ལྟར་ན། 2002ལོར་མི་ཐབས་ལ་བརྟེན་ནས་ཙོང་ཉ་སྐྱེ་འཕེལ་ལག་རྩལ་ལག་ལེན་བསྟར་བ་ནས་ད་བར་མཚོ་སྔོན་པོའི་ཙོང་ཉ་སྲུང་སྐྱོབ་ལྟེ་གནས་ཀྱིས་མཚོ་སྔོན་པོར་ཙོང་ཉའི་ཉ་ཕྲུག་ཁྱོན་ཁྲི་9497ལྷག་ཙམ་གློད་ཡོད།
         ཉེ་བའི་ལོ་ཤས་རིང་མཚོ་སྔོན་ཞིང་ཆེན་གྱིས་ད་དུང་མ་དངུལ་འབོར་ཆེན་བཏང་ནས་མཚོ་སྔོན་པོ་རྒྱུག་ཁུལ་དུ་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་དང་བཅོས་སྒྲིག་རབ་དང་རིམ་པ་བྱས་ཡོད། “སྲུང་སྐྱོང་ཡུན་རིང་བྱས་པས་མཚོ་སྔོན་པོའི་སྤྱི་ཡོངས་ཀྱི་སྣོད་བཅུད་ཁོར་ཡུག་མངོན་གསལ་དོད་པོས་ལེགས་སུ་ཕྱིན་ཡོད”ཅེས་ཝང་ཧའེ་ཡིས་བརྗོད།
         ལྟ་ཞིབ་ཚད་ལེན་ལས་མངོན་པ་ལྟར་ན། མཚོ་སྔོན་པོའི་ཆུའི་རྒྱ་ཁྱོན་ཉེ་བའི་ལོ་ཤས་རིང་རྒྱུན་མཐུད་ངང་ཆེ་རུ་ཕྱིན་པ་དང་། ཆུ་ཁ་རྒྱུན་ཆད་མེད་པར་མཐོ་རུ་ཕྱིན་པ། འདམ་ར་མང་དུ་ཕྱིན་པ། བྱེ་ས་ཉུང་དུ་ཕྱིན་པ། ཙོང་ཉའི་ཐོན་ཁུངས་ཀྱི་སྤྱི་འབོར་ཏུན་ཁྲི་8བར་མང་དུ་ཕྱིན་པས་ལོ་15རིང་ལྡབ་30འཕར་ཡོད་པས་མཚོ་སྔོན་པོར་ཆུ་བྱ་དེ་བས་མང་བ་སླེབས་ནས་རྒྱུད་སྤེལ་འཚོ་གནས་བྱེད་ཀྱི་ཡོད།
          ཙོང་ཉའི་ཐོན་ཚད་འཕར་བ་དེས་ད་དུང་མང་ཚོགས་ཀྱི་ཁོར་ཡུག་སྲུང་སྐྱོང་གི་འདུ་ཤེས་ཟབ་ཏུ་འགྲོ་རྒྱུར་ཕན་ཐོགས་བྱུང་ཡོད། ད་དུང་ཙོང་ཉ་གནས་སྤོའི་དུས་ཚིགས་སུ་སླེབས་རིམ་བཞིན་ལག་ཏུ་སྦྱར་མ་འཁྱེར་བ་དང་། “སྒྲིག་ཆས་ཆ་ཚང་བ”གྱོན་པའི་མི་འབོར་ཆེན་ཞིག་གནས་སྤོའི་ལམ་དུ་མི་ཐབས་ལ་བརྟེན་ནས་ཙོང་ཉར་ཉ་ཕྲུག་འཕེལ་ཐབས་བྱེད་ཀྱི་ཡོད་པས་ཁོང་ཚོ་ནི་མཚོ་རྒྱུད་ཀྱི་མི་སེར་སོ་སོས་སྒྲིག་འཛུགས་བྱས་པའི“མཚོ་འགྲམ་བོད་རིགས་ས་ཁུལ་གྱི་འཕྲལ་སྒྲུབ་རོགས་སྐྱོབ་རུ་ཁག”རེད།
         ཝང་ཧའེ་ཡིས་དེ་སྔ་ཉ་ཡིས་མི་སྐྱོབ་པ་དང་། ད་ཆ་མིས་ཉ་སྐྱོབ་ཀྱི་ཡོད། ཙོང་ཉའི་ཐོན་ཁུངས་དུས་ཐོག་ཏུ་སྲུང་སྐྱོང་ཐུབ་པ་དེས་མཚོ་སྔོན་པོར་ཉ་དང་འདབ་ཆགས་མཉམ་གནས་ཀྱི་སྣོད་བཅུད་མ་ལག་དོ་སྙོམས་བྱུང་ཡོད། ཙོང་ཉའི་གྲངས་ཚད་འཕེལ་བ་དེས་མཚོ་སྔོན་གྱི་རྒྱ་ཆེའི་མི་དམངས་ཚོའི་སྣོད་བཅུད་འདུ་ཤེས་ཟབ་ཏུ་སོང་བ་མཚོན་ཡོད་ཅེས་བརྗོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།