འཚོལ་བཤེར།   
藏文频道
2018ལོའི་ཟླ་1ཚེས་11ཉིན།
  • མི་དམངས་དྲ་བ།

    ༄༅།།ལྷ་སའི་ལྷ་ཀླུ་སྡེ་ཁུལ་དུ་ལས་བྱེད་པ་དང་མང་ཚོགས་ཆ་སྒྲིག་ནས་ཞི་མཐུན་འཕེལ་རྒྱས་ཀྱི་རྣམ་
    པ་གསར་པ་གཏོད་པ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 01ཚེས་11ཉིན། 10:36】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
          མི་དམངས་དྲ་བའི་འཕྲིན། ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་ལྷ་ཀླུ་སྡེ་ཁུལ་གྲོང་ལྷན་གྱི་སྒོ་རའི་ནང་ཞོགས་པ་སྔ་པོ་ནས་མི་མང་པོ་ཞིག་འཛོམས་ཡོད། སྨན་དོན་མི་སྣའི་མཛུབ་ཁྲིད་འོག་ཁོངས་གཏོགས་ཁུལ་གྱི་ལོ་ན་མཐོ་ཙམ་ལ་སླེབས་པའི་རྒན་རྒོན་ཚོས་རྒྱུན་གཏན་གྱི་བདེ་སྲུང་ཤེས་བྱར་རྒྱུས་མངའ་བྱེད་བཞིན་ཡོད་ཅིང་། སྡེ་ཁུལ་གྱི་མང་ཚོགས་ཚེ་རིང་པད་སྒྲོལ་གྱིས་དགའ་ཚོར་ཆེན་པོའི་ངང“ངས་ཁྲག་ཤེད་བརྟག་དཔྱད་བྱས་པ་མ་ཟད། ད་དུང་རྒྱུན་སྤྱོད་ཀྱི་སྨན་ཁ་ཤས་བླངས་པ་ཡིན། སྨན་པས་ངའི་གཟུགས་པོར་སྐྱོན་ཆེ་བ་མི་འདུག་པས་སེམས་ཁྲལ་བྱེད་དགོས་མི་འདུག་ཟེར་གྱི་འདུག”ཅེས་བརྗོད།
          ལྷ་ཀླུ་སྡེ་ཁུལ་གྲོང་ལྷན་གྱིས་ཕན་བདེ་ཁང་དང་སྨན་ཁང་གི་རིགས་གཅིག་མཁས་ཅན་གདན་དྲངས་ནས་ཁོངས་གཏོགས་ཁུལ་གྱི་ལོ་70ཡན་གྱི་རྒན་རྒོན་གྱི་གཟུགས་པོར་བརྟག་དཔྱད་བྱས་པ་མ་ཟད། བདེ་ཐང་གི་འཆད་ཁྲིད་ཀྱང་སྒྲིག་འཛུགས་བྱས་ཡོད། གནམ་གཤིས་གྲང་དུ་ཕྱིན་པས་སྡེ་ཁུལ་གྲོང་ལྷན་གྱིས་ད་དུང་མང་ཚོགས་ལ་ལག་ཤུབས་དང་དྲོད་ལེན་ཡོ་ཆས་སོགས་སྤྲད་པ་རེད།
    འདི་ནི་ལྷ་ཀླུ་སྡེ་ཁུལ་གྲོང་ལྷན་གྱིས་མང་ཚོགས་ལ་བསྒྲུབས་པའི་བྱ་བ་ཆུང་ཙག་ཅིག་ཡིན་ཞིང་། སྡེ་ཁུལ་གྱི་ཏང་ཡོན་57གྱིས་ཁོངས་གཏོགས་ཁུལ་གྱི་འཚོ་བའི་ཆ་རྐྱེན་བལྟོས་བཅས་ཞན་པའི་མང་ཚོགས་དང་ཆ་བསྒྲིགས་ནས་ཁ་གཏད་རོགས་སྐྱོར་བྱས་ཡོད། རྒན་མོ་ཚེ་རིང་པད་སྒྲོན་ལ་རོགས་སྐྱོར་བྱེད་མཁན་སྡེ་ཁུལ་གྲོང་ལྷན་གྱི་ཀྲུའུ་རེན་ལྷག་པས་ལོ་ལྟར་དུས་ཆེན་གཏོང་རིམ་བཞིན་བགྲེས་སོང་གི་ཁྱིམ་དུ་ཁྱིམ་དུ་འཚམས་འདྲིར་འགྲོ་གི་ཡོད།
          ཁྲེང་ཀོན་ཆུས་ཀྱི་ཆུས་ཀྲང་ལིའུ་ལེང་གིས་ཏང་གི་ཚོགས་ཆེན་བཅུ་དགུ་པའི་སྙན་སྒྲོན་ནང་སྡེ་ཁུལ་གྱི་ཏང་ཀྲི་པུས་ཏང་ཡོན་ལ་ཐད་ཀར་སློབ་གསོ་གཏོང་བ་དང་། ཏང་ཡོན་ལ་དོ་དམ་བྱེད་པ། ཏང་ཡོན་ལ་ལྟ་སྐུལ་བྱེད་པ། མང་ཚོགས་སྒྲིག་འཛུགས་བྱེད་པ། མང་ཚོགས་ལ་དྲིལ་བསྒྲགས་བྱེད་པ། མང་ཚོགས་གོང་བུ་གཅིག་ཏུ་འགྲིལ་བ། མང་ཚོགས་ལ་ཞབས་འདེགས་ཞུ་བ་བཅས་ཀྱི་འགན་འཁྲི་ཁུར་ཏེ་རྒྱ་ཆེའི་ཏང་ཡོན་གྱིས་གདོང་ལེན་དཔེ་བཟང་གི་ནུས་པ་འདོན་རྒྱུར་ཁྲིད་སྟོན་བྱེད་དགོས་ཞེས་བཏོན་ཡོད། ཁྲེང་ཀོན་ཆུས་ནི་ཆེས་གཞི་རིམ་གྱི་སྡེ་ཁུལ་ཡིན་པས་ཞབས་ཞུ་རྣམ་པའི་ཏང་རྩ་འཛུགས་འཛུགས་སྐྱོང་བྱས་ནས་ཏང་ཡོན་ལས་བྱེད་པས་མང་ཚོགས་དང་འབྲེལ་བ་དམ་ཟབ་བྱས་ཏེ་མང་ཚོགས་ཀྱི་ལས་སྒྲུབ་ལས་གཏོད་ཀྱི་རྟེན་སར་གྱུར་བ་བྱ་རྒྱུ་ཡིན་ཞེས་བརྗོད།
         ལྷ་ཀླུ་སྡེ་ཁུལ་གྱི་ཁོངས་གཏོགས་ཁུལ་ལ་རིམ་པ་ཁག་གི་ཁེ་ལས་དང་བྱ་གཞག་ཚན་པ་14ཡོད་པ་དང་། སྡེ་ཁུལ་གྱི་ཏང་ཀྲི་པུས་ཚན་པ་ཁག་དང་《ལས་ཐོག་ཏང་ཡོན་སྡེ་ཁུལ་དུ་འབྱོར་ཐོ་བཀོད་ནས་ཆ་སྒྲིག་མཉམ་སྐྲུན་གྱི་འགན་འཁྲིའི་ཡི་གེར་》མིང་རྟགས་བཀོད་པ་དང་འབྲེལ་ཁེ་ལས་དང་བྱ་གཞག་ཚན་པའི་ཏང་ཡོན་དང་སྡེ་ཁུལ“ཨུ་ལྷན་གཉིས”ཀྱི་ཚན་ཁག་གིས་མཉམ་དུ་མང་ཚོགས་ལ་ཆ་སྒྲིག་རོགས་སྐྱོར་བྱས་ནས་གཞི་རིམ་གྱི་ཞབས་ཞུ་རྣམ་པའི་ཏང་རྩ་འཛུགས་བསྐྲུན་ཡོད།
          ལྷ་ཀླུ་སྡེ་ཁུལ་གྲོང་ལྷན་གྱི་སྒོ་རའི་ནང་གི་བཀྲམ་དངོས་ཤེལ་སྒྲོམ་ནང“ང་ལ་འབྲས་བཙོས་གློག་ཁོག་ཅིག་དགོས”“ང་ལ་དཔེ་ཁུག་ཅིག་དགོས”ཞེས་པ་སོགས་བསམ་འདུན་ཆུང་ངུ་འདྲ་མིན་སྣ་ཚོགས་སྦྱར་ཡོད། སྡེ་ཁུལ་གྱི་ཧྲུའུ་ཅི་དང་པོ་ཆུང་བདག་གིས་ངོ་སྤྲོད་བྱས་པར་གཞིགས་ན། སྡེ་ཁུལ་ནང་གི་མང་ཚོགས་ཀྱིས་རང་ཉིད་ཀྱི་བསམ་འདུན་ཆུང་ངུ་འདོན་པ་དང་འབྲེལ་སྦྱར་ཆོག་པ་དང་། སྡེ་ཁུལ་གྱི་ཏང་ཡོན་ཚང་མས་རང་ཉིད་ཀྱི་དོན་དངོས་གནས་ཚུལ་ལ་གཞིགས་ནས་ཅ་དངོས་རྣམས་བླངས་ཏེ་མང་ཚོགས་ཀྱི་བསམ་འདུན་ཆུང་ངུ་མངོན་འགྱུར་ཡོང་བར་རོགས་རམ་བྱེད་ཀྱི་ཡོད་ཅེས་བརྗོད།
    འདི་ལོ་ཚུན་སྡེ་ཁུལ་གྱིས་མང་ཚོགས་ཀྱི་བསམ་འདུན་ཆུང་ངུ་77བསྡུས་པ་དང་ཏང་ཡོན་ལས་བྱེད་པས་ཚང་མ་དང་དུ་བླངས་ནས་རོགས་རམ་བྱས་པས་མངོན་འགྱུར་བྱུང་བས་ཁོངས་གཏོགས་ཁུལ་གྱི་མ་མཐའི་འཚོ་བའི་འགན་ལེན་དུད་ཚང་དང་། དྭ་ཕྲུག དབང་པོ་སྐྱོན་ཅན། སློབ་ཕྲུག་སོགས་ཀྱི་དཀའ་ངལ་དངོས་མི་ཉུང་བ་ཞིག་ཐག་གཅོད་ཐུབ་ཡོད།
          ལས་བྱེད་པས་མང་ཚོགས་ལ་རོགས་རམ་བྱེད་པ་དང་མང་ཚོགས་ཀྱིས་ཀྱང་ལས་བྱེད་པར་རོགས་རམ་བྱེད་ཅིང་། ཆུང་བདག་གིས“ལྷ་ཀླུ་སྡེ་ཁུལ་གྱི་ཁོངས་གཏོགས་ཁུལ་གྱི་རིམ་ཁག་ལས་ཁུངས་དང་། ཁེ་ལས་དང་བྱ་གཞག་ཚན་པའི་མ་དངུལ་དང་རྣམ་གྲངས་ཚང་མ་ང་ཚོ་གྲོང་ལྡན་ལས་དེ་བས་སྟོབས་ཆེ་བ་ཡོད། འོན་ཀྱང་ང་ཚོར་ངལ་རྩོལ་ནུས་ཤུགས་ཡོད་པས་ཁོར་ཚོར་ནུས་པས་ལྕོགས་ཚོད་ཀྱིས་ལས་ཀ་བྱེད་ཐུབ་ཀྱི་ཡོད ”ཅེས་བརྗོད་པ་དང་། ཁོང་གིས་ད་དུང“སྡེ་ཁུལ་ནང་ཁྱིམ་ཚང་འཛིན་སྐྱོང་གི་ཞབས་ཞུའི་ས་ཚིགས་བཙུགས་ཡོད་པས་ཁོངས་གཏོགས་ཁུལ་གྱི་ཚན་པར་རོགས་རམ་བྱ་རྒྱུའི་འོས་འགན་ཡོད། ས་འོག་ཆུ་ལམ་གཤོང་བ་དང་། སོལ་རླངས་བླུག་པ། ཆུ་གློག་ཡོ་བྱད་བཟོ་བཅོས་སོགས་ནུས་པས་ལྕོགས་ཚོད་ཀྱི་ལས་ཀ་བྱེད་ཀྱི་ཡོད་པས་ཚང་མས་དགའ་པོ་བྱེད་ཀྱི་ཡོད”ཅེས་བརྗོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།