འཚོལ་བཤེར།   
藏文频道
2017ལོའི་ཟླ་11ཚེས་16ཉིན།
  • མི་དམངས་དྲ་བ།

    ༄༅།།ཨོ་སི་ཁྲུ་ལི་ཡ་རྒྱལ་ཁབ་ཀྱི་འདེམས་དམངས་མང་པོ་ཞིག་གིས་མཚན་མཐུན་གཉེན་སྒྲིག་ཁྲིམས་
    མཐུན་ཅན་དུ་སྒྱུར་བར་མོས་མཐུན་བྱེད་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 11ཚེས་16ཉིན། 14:28】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
          མི་དམངས་དྲ་བའི་འཕྲིན། ཟླ་11ཚེས་15ཉིན། ཨོ་སི་ཁྲུ་ལི་ཡ་བསྡོམས་རྩིས་ཅུད་ཀྱིས་སྦྲག་བསྐུར་སྤྱི་འདེམས་གྱི་བརྒྱ་ཆ་དྲུག་ཅུ་ཡིས་གཉེན་སྒྲིག་བཅའ་ཁྲིམས་ཀྱི་བཟོ་བཅོས་རྒྱག་པར་མོས་མཐུན་ཡོད་པའི་འདེམས་ཤོག་འཕངས་འདུག་ཅེས་བསྒྲགས་པ་རེད། འདི་ལས་ཨོ་སི་ཁྲུ་ལི་ཡ་རྒྱལ་ཁབ་ཀྱི་མཚན་མཐུན་གཉེན་སྒྲིག་ཁྲིམས་མཐུན་ཅན་གྱི་ལམ་དུ་གོམ་པ་གལ་ཆེན་ཞིག་སྤོས་པ་མཚོན་ཡོད་པ་རེད།
         ཨོ་སི་ཁྲུ་ལི་ཡ་བསྡོམས་རྩིས་ཅུད་ཀྱིས་སྤེལ་བའི་གཞི་གྲངས་ལྟར་ན། ཐེངས་འདིའི་སྦྲག་བསྐུར་སྤྱི་འདེམས་ལ་ཞུགས་པའི་མི་གྲངས་ནི་ཁྲི་1272ལས་བརྒལ་ཡོད་ལ། འདེམས་ཤོག་འཕངས་ཚད་ནི་79.5%ཟིན་པ་དང་། གཉེན་སྒྲིག་བཅའ་ཁྲིམས་བཟོ་བཅོས་རྒྱག་པར་མོས་མཐུན་བྱེད་པ་དང་མཚན་མཐུན་གཉེན་སྒྲིག་ཁྲིམས་མཐུན་ཅན་དུ་སྒྱུར་བར་རྒྱབ་སྐྱོར་བྱེད་མཁན་གྱི་འདེམས་ཤོག་གྲངས་ཀ་ནི་61.6%ཟིན་ལ། ངོ་རྒོལ་བྱེད་མཁན་གྱི་འདེམས་ཤོག་ནི་38.4%ཡོད་པ་རེད། ཨོ་སི་ཁྲུ་ལི་ཡ་རྒྱལ་ཁབ་ཀྱི་མངའ་སྡེ་དང་ས་ཁུལ་ཡོངས་སུ། མོས་མཐུན་བྱེད་ཚད་དེ་ངོ་རྒོལ་བྱེད་ཚད་ལས་བརྒལ་ཡོད་པ་རེད།
          སྦྲག་བསྐུར་སྤྱི་འདེམས་ལ་བཅའ་ཁྲིམས་ཀྱི་ནུས་པ་མེད་ཀྱང་། གཉེན་སྒྲིག་བཅའ་ཁྲིམས་བཟོ་བཅོས་རྒྱག་པར་རྒྱལ་ཕྲན་མཉམ་འབྲེལ་གྱི་གྲོས་ཚོགས་ནས་འདེམས་ཤོག་འཕངས་ཏེ་བརྡས་ཐག་གཅོད་དགོས་པ་རེད། ཨོ་སི་ཁྲུ་ལི་ཡ་རྒྱལ་ཁབ་ཀྱི་སྲིད་བློན་ཐི་ཨེན་པུར་གྱིས་སྦྲག་བསྐུར་སྤྱི་འདེམས་ཡོངས་བསྒྲགས་བྱས་རྗེས། སྲིད་གཞུང་གིས་ལོ་མཇུག་གོང་དུ་མཚན་མཐུན་གཉེན་སྒྲིག་གི་གྲོས་གཞི་གྲོས་ཚོགས་སུ་སྤྲད་ནས་བརྡས་ཐག་གཅོད་རྒྱུ་ཡིན་ཞེས་བརྗོད་པ་རེད།
          ད་ལོའི་ཟླ་9ཚེས་12ཉིན་ནས་ཟླ་11ཚེས་7ཉིན་བར་སྤེལ་བའི་ཨོ་སི་ཁྲུ་ལི་ཡ་རྒྱལ་ཡོངས་ཀྱི་སྦྲག་བསྐུར་སྤྱི་འདེམས་ལ་ཁྱོན་བསྡོམས་མ་དངུལ་སྒོར་མོ་དུང་ཕྱུར་1.22(མི་དམངས་ཤོག་སྒོར་དུང་ཕྱུར་6ཙམ་ཡིན་པ།)ཤོར་ཡོད་པ་དང་། བཟོ་པའི་ཏང་དང་ཞི་མཐུན་ཏང་སོགས་སྲིད་འཛིན་མ་ཡིན་པའི་ཏང་ཤོག་ཁག་གིས་སྲིད་གཞུང་ནས་བཅའ་ཁྲིམས་ཀྱི་ནུས་པ་མེད་པའི་སྦྲག་བསྐུར་སྤྱི་འདེམས་བྱས་པ་ནི་རྒྱལ་ཁབ་ཀྱི་ཐོན་ཁུངས་འཕྲོད་བརླག་ཆེན་པོ་བཏང་བ་རེད་ཅེས་སྐྱོན་བརྗོད་བྱས་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།