འཚོལ་བཤེར།   
藏文频道
2017ལོའི་ཟླ་9ཚེས་16ཉིན།
  • མི་དམངས་དྲ་བ།

    ༄༅།།གཙང་གསུམ་ཆུ་འགོ་ས་ཁུལ་གྱི་སྣོད་བཅུད་ཁོར་ཡུག་སྤྱི་ཡོངས་ནས་ལེགས་སུ་ཕྱིན་པ། 

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 09ཚེས་16ཉིན། 12:21】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
           མི་དམངས་དྲ་བའི་འཕྲིན། གཙང་གསུམ་ཆུ་འགོའི་སྣོད་བཅུད་སྲུང་སྐྱོང་དང་འཛུགས་སྐྱོང་ལས་གྲྭ་ལག་བསྟར་བྱས་ནས་ལོ་12རིང་། རིམ་རྩིས་བརྒྱབ་ན་རྒྱལ་ཁབ་ཀྱིས་འདི་ཁུལ་ལ་སྣོད་བཅུད་སླར་གསོའི་མ་དངུལ་སྒོར་དུང་ཕྱུར་183.5བཏང་བ་དང་། མིག་སྔར་འདི་ཁུལ་གྱི་སྣོད་བཅུད་ཁོར་ཡུག་སྤྱི་ཡོངས་ནས་ལེགས་སུ་ཕྱིན་ཡོད་པ་རེད།
          མཚོ་སྔོན་ཞིང་ཆེན་ལྷོ་རྒྱུད་ཀྱི་གཙང་གསུམ་ཆུ་འགོ་ས་ཁུལ་ནི་འབྲི་ཆུ་དང་། རྨ་ཆུ། རྫ་ཆུ་བཅས་གསུམ་གྱི་འབྱུང་ཁུངས་ཡིན་པས་ཀུན་གྱིས་ཨེ་ཤེ་ཡའི་སྣོད་བཅུད་བདེ་འཇགས་སྲུང་ཡོལ་གལ་ཆེན་ཞིག་ཏུ་ངོས་བཟུང་ནས“ཀྲུང་ཧྭའི་ཆུ་གསོག་མཐོ་ལྕོག”ཅེས་འབོད་ཀྱི་ཡོད་པ་རེད། ཡིན་ན་ཡང་དུས་རབས་གོང་མའི་ལོ་རབས་བདུན་ཅུ་ནས་བཟུང་རང་བྱུང་དང་མིའི་རྒྱུ་རྐྱེན་དབང་གིས་དེ་གའི་སྣོད་བཅུད་ཁོར་ཡུག་མགྱོགས་མྱུར་ཞན་དུ་ཕྱིན་ནས་ས་ཁུལ་ཁག་གཅིག་གི་ཆུ་བོ་དང་མཚེའུ་ཁ་ཤས་སྐམ་ཡོད་པ་རེད།
          མཚོ་སྔོན་ཞིང་ཆེན་འཕེལ་སྒྱུར་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་གཙང་གསུམ་ཆུ་འགོ་རྒྱལ་ཁབ་སྤྱི་གླིང་དོ་དམ་ཅུས་ཀྱི་ཅུས་ཀྲང་ལི་ཞའོ་ནན་གྱིས། 2005ལོར་རང་རྒྱལ་གྱིས་དུས་ཡུན་ལོ་9ཡི་གཙང་གསུམ་ཆུ་འགོའི་སྣོད་བཅུད་སྲུང་སྐྱོང་ལས་གྲྭ་དུས་ཐེངས་དང་པོ་སྤེལ་འགོ་བཙུགས་ནས་རྩྭ་ཐང་གི་སྔོ་ཁེབས་བསྐྱར་གསོ་དང་བྱེ་འགྱུར་བཅོས་སྐྱོང་སོགས་སྣོད་བཅུད་སླར་གསོའི་ཁྱབ་ཁོངས་སུ་མ་དངུལ་སྒོར་དུང་ཕྱུར་86.5བཏང་བ་དང་། 2014ལོའི་ཟླ་1པོར་བཅོས་སྐྱོང་རྒྱ་ཁྱོན་སྔར་བས་ཡངས་བ་དང་བཅོས་སྐྱོང་ཚད་གཞི་སྔར་བས་མཐོ་བའི་གཙང་གསུམ་ཆུ་འགོའི་སྣོད་བཅུད་སྲུང་སྐྱོང་ལས་གྲྭ་དུས་ཐེངས་གཉིས་པ་མུ་མཐུད་སྤེལ་ནས་ད་བར་མ་དངུལ་སྒོར་དུང་ཕྱུར་97བཏང་ཡོད་ཅེས་ངོ་སྤྲོད་བྱས་པ་རེད།
          ལྟ་ཞིབ་ཚད་ལེན་གྲངས་གཞི་གསར་ཤོས་ལས་མངོན་པར། སྣོད་བཅུད་སླར་གསོ་ལས་གྲྭ་མ་སྤེལ་གོང་གི་2004ལོ་དང་བསྡུར་ན། གཙང་གསུམ་ཆུ་འགོ་ས་ཁུལ་གྱི་སྔོ་ཁེབས་སྣ་ཚོགས་ཆ་སྙོམས་11.6%ཆེ་རུ་ཕྱིན་ནས་ཕྱུགས་རྩྭའི་ཐོན་འབབ་མུའུ་རེར་སྤྱི་རྒྱ་29.66འཕར་བ་མ་ཟད། བྱེ་འགྱུར་རྒྱ་ཁྱོན་ཡང་སྤྱི་ལེ་ངོས་གྲུ་500ཙམ་ཆུང་དུ་ཕྱིན་ཡོད་པ་དང་། སྔོ་ཁེབས་དང་ས་རྒྱུའི་ལྟག་ཆུ་བསྐྱིལ་གསོག་ནུས་པ་ཆེ་རུ་ཕྱིན་སྟབས་མིག་སྔར་གཙང་གསུམ་ཆུ་འགོ་ས་ཁུལ་ནས་སྨད་རྒྱུད་ས་ཁུལ་དུ་ལོ་རེར་ཆུ་དྭངས་གཙང་ཐོལ་པ་སྨི་རྒྱ་དཔངས་གྲུ་བཞི་དུང་ཕྱུར་60བཞུར་གྱི་ཡོད་པ་མ་ཟད་ཆུ་སྤུས་ཀྱང་ལེགས་པོ་ཡོད་པ་རེད།
          གསར་འགོད་པར་ཉེ་བའི་ལོ་ཤས་རིང་ཤེས་རྟོགས་བྱུང་གསལ། སྔོན་ཆད་སྣོད་བཅུད་ཞན་འགྱུར་ཅུང་ཚབས་ཆེན་ཡིན་པའི་མཚོ་སྔོན་ཞིང་ཆེན་མགོ་ལོག་བོད་རིགས་རང་སྐྱོང་ཀྲོའུ་རྨ་སྟོད་རྫོང་སོགས་སུ་དེ་སྔོན་སྐྱ་ཐེར་ཐེར་དུ་གྱུར་པའི་ས་ནག་སྟེང་དུ་ཡང་བསྐྱར་སྔོ་ཁེབས་ཀྱིས་ཁྱབ་ནས“མཚོ་མོ་སྟོང་གི་མཛེས་ལྗོངས”ཡང་བསྐྱར་མངོན་པ་མ་ཟད་བདག་ཏུ་མ་བཟུང་བའི་སྲོག་ཆགས་རིགས་ཀྱང་ཇེ་མང་དུ་ཕྱིན་ཡོད་པ་རེད།
          ལི་ཞའོ་ནན་གྱིས། མིག་སྔར་གཙང་གསུམ་ཆུ་འགོ་ས་ཁུལ་གྱི་གཙོད་དེ་སྔའི་ཁྲི་2ནས་ཁྲི་7བར་དང་ཁྲུང་ཁྲུང་མགོ་ཁྲ་དེ་སྔའི་1000ནས་3000བར་དང་། ཉ་སྔོ་དམར་ཁྲ་རིས་སོགས་ས་མཐོའི་རྩ་ཆེའི་ཉ་རིགས་50མངོན་གསལ་དོད་པོས་མང་དུ་ཕྱིན་ཡོད་ཅེས་ངོ་སྤྲོད་བྱས་པ་རེད།
          “ད་ཆ་གཙང་གསུམ་ཆུ་འགོ་ས་ཁུལ་གྱི་སྣོད་བཅུད་ཞན་འགྱུར་རྣམ་པ་བཀག་འགོག་རགས་ཙམ་ཐུབ་ནས་སྣོད་བཅུད་སླར་གསོ་བྱེད་ཐབས་སྣ་ཚོགས་སྤེལ་བར་དུས་མཚམས་རང་བཞིན་གྱི་ཕན་འབྲས་ཐོན་ཡོད”མིག་སྔར་རང་རྒྱལ་གྱི་རྒྱལ་ཁབ་སྤྱི་གླིང་དང་པོའི་སྒྲིག་སྲོལ་ཚོད་ལྟའི་ལས་དོན་ས་གནས་དེ་གར་བརྒྱུད་རིམ་ལྡན་པའི་ངང་སྤེལ་བཞིན་ཡོད་ལ། བཅོས་སྐྱོང་བྱེད་ཐབས་ཀྱང་རྒྱུན་ཆད་མེད་པར་ལེགས་སུ་གཏོང་བ་དང་དོ་དམ་སྒྲིག་སྲོལ་སྒྱུར་བཅོས་བྱས་པ་བརྒྱུད། མ་འོངས་པར་ས་ཁུལ་འདིའི་སྣོད་བཅུད་སླར་གསོ་འཕེལ་རིམ་རྒྱུན་མཐུད་མགྱོགས་སུ་འགྲོ་རྒྱུ་རེད་ཅེས་ལི་ཞའོ་ནན་གྱིས་བརྗོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།