འཚོལ་བཤེར།   
藏文频道
2017ལོའི་ཟླ་9ཚེས་16ཉིན།
  • མི་དམངས་དྲ་བ།

    ༄༅།།2020ལོར་གསོ་སྐྱོང་རྟེན་གཞིའི་དྲ་རྒྱ་ཆགས་རྒྱུ་ཡིན་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 09ཚེས་16ཉིན། 12:10】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
           མི་དམངས་དྲ་བའི་འཕྲིན། ཟླ་9ཚེས་14ཉིན། ཧྲའན་ཤིས་དབྱང་ལིན་དུ་ཞིང་ལས་པུའི་རྒྱལ་ཡོངས་ལས་རིགས་ཞིང་པ་དཔེ་གསར་གྱི་གསོ་སྐྱོང་དཔེ་སྟོན་རྟེན་གཞིའི་ས་གནས་ས་ཐོག་གི་ལྟ་སྦྱོང་ཚོགས་འདུ་འཚོགས་པ་རེད། གསར་འགོད་པར་ཚོགས་འདུའི་ཐོག་ནས་ཤེས་རྟོགས་བྱུང་བར མིག་སྔར་ཞིང་ལས་པུས་ཁྱབ་བསྒྲགས་བྱས་པའི་ཁག་དང་པོའི་རྒྱལ་ཡོངས་ཀྱི་ལས་རིགས་ཞིང་པ་དཔེ་གསར་གྱི་གསོ་སྐྱོང་དཔེ་སྟོན་རྟེན་གཞི་100ཡི་འཛུགས་སྐྲུན་བྱེད་པོ་དེ་བས་སྣ་མང་དང་རྟེན་གཞིའི་ནུས་པ་དེ་བས་མང་བ་ཡོད། འཆར་འགོད་གཞིར་བཟུང་། 2020ལོར་སླེབས་སྐབས་རྒྱལ་ཡོངས་རང་བཞིན་གྱི་དཔེ་སྟོན་རྟེན་གཞིའི་གྲངས་འབོར་1000ཟིན་པ་དང་ཐོ་འགོད་མཛོད་འཇུག་རྟེན་གཞི་ཁྲི་1ཡན་ཟིན་པ་བྱས་ནས་རྟེན་གཞིའི་དྲ་རྒྱ་རགས་ཙམ་ཆགས་པར་བྱ་རྒྱུ་རེད།
          ངོ་སྤྲོད་བྱས་པར་གཞིགས་ན། འདི་ལོ་ཞིང་ལས་པུས་ལས་རིགས་ཞིང་པ་དཔེ་གསར་གྱི་ཚོགས་སྤྱི་རིམ་གྱིས་ཞིབ་པར་དབྱེ་བའི་ཁྱད་ཆོས་ལ་དམིགས་ནས་གསོ་སྦྱོང་འཆར་གཞི་ཆེན་པོ་བཞི་བཏོན་ཏེ་རིམ་པ་དང་རིགས་ཕྱེ་ནས་ལས་རིགས་ཞིང་པ་དཔེ་གསར་གསོ་སྦྱོང་བྱེད་ཀྱི་ཡོད། རིགས་མི་འདྲ་བའི་ལས་རིགས་ཞིང་པའི་སློབ་གསོ་གསོ་སྦྱོང་གི་དགོས་མཁོ་ཡང་མི་འདྲ་བ་དང་རྟེན་གཞི་གདམ་གསེས་དང་འཛུགས་སྐྲུན་གསོ་སྦྱོང་བྱ་ཡུལ་མི་འདྲ་བའི་ཁྱད་ཆོས་དང་འཚམ་པར་བྱས་ནས་ཁོ་ཚོའི་སྣ་མང་ཅན་གྱི་དགོས་མཁོ་བསྐངས་ཡོད། དངོས་སྦྱོང་རྟེན་གཞི་དང་། ཞིང་པའི་ཞིང་ནང་སློབ་གྲྭ ལས་གཏོད་གསོ་སྦྱོང་རྟེན་གཞི། ཕྱོགས་བསྡུས་རིགས་ཀྱི་རྟེན་གཞི་བཅས་རིགས་4གཞིར་བཟུང་། ནུས་པ་གསབ་རེས་ཀྱི་རྟེན་གཞིའི་མ་ལག་བཏོད་དེ་རིགས་མི་འདྲ་བའི་རྟེན་གཞིར་ནུས་པ་གཏན་འཁེལ་ཁ་གསལ་བྱེད་དགོས་པའི་བླང་བྱ་བཏོན་ཡོད། སླད་ཕྱིན་ལས་རིགས་ཞིང་པ་དཔེ་གསར་གྱི་དགེ་རྒན་དང་། རྟེན་གཞི། སློབ་གཞི། སློབ་ཆས་སོགས་གསོ་སྦྱོང་ཐོན་ཁུངས་སྤྲིན་སྟེགས་སུ་བཅུག་ནས་དྲ་ཐོག་དོ་དམ་ལག་ལེན་བསྟར་ཏེ་བྱེད་སྟངས་དེ་བརྒྱུད་རིགས་ཁག་གི་ཐོན་ཁུངས་མཉམ་གཏོད་མཉམ་སྤྱོད་ལ་སྐུལ་འདེད་གཏོང་རྒྱུ་རེད།
           ཤེས་རྟོགས་བྱུང་བར་གཞིགས་ན། གོམ་སྟབས་རྗེས་མར་ཞིང་ལས་པུས་དཔེ་སྟོན་རྟེན་གཞིར་བརྟེན་ནས་རྒྱལ་ཡོངས་སུ་དུས་མཚམས་ཕྱེ་ནས་དངོས་སྦྱོང་དང་། གྲུབ་འབྲས་ངོམ་སྟོན། ལས་གཏོད་གསོ་སྦྱོང་བཅས་ཀྱི་ནུས་པ་གལ་ཆེན་འདོན་སྤེལ་བྱ་རྒྱུ་རེད། ས་གནས་ཁག་གིས་གསོ་སྦྱོང་གི་དགོས་མཁོར་དམིགས་ནས་རྒྱལ་ཡོངས་ཀྱི་ཁྱབ་ཁོངས་སུ་སྔོན་ལ་འདེམས་པར་འཚམ་པའི་རྟེན་གཞིར་སློབ་མ་མངགས་རྒྱུ་དང་། རྟེན་གཞི་ལས་རིགས་ཞིང་པའི་དཔེ་གསར་ཐོན་ལས་འཕེལ་རྒྱས་ཀྱི་ལས་གཏོད་སྐྱེད་སྲིང་བྱ་ཡུལ་དུ་གྱུར་པར་བྱས་ཏེ་ཁོང་ཚོར་དགོས་ངེས་ཀྱི་ལག་རྩལ་བློ་འདྲི་དང་ལག་རྩལ་མཛུབ་ཁྲིད་སོགས་རྗེས་སྙེག་ཞབས་འདེགས་ཞུ་རྒྱུ། དེ་དང་ཆབས་ཅིག་རྟེན་གཞིའི་སློབ་ཁྲིད་དངོས་སྦྱོང་དང་། ལས་གཏོད་གསོ་སྦྱོང་། རྗེས་སྙེག་ཞབས་འདེགས་སོགས་ཀྱི་རྨང་གཞིའི་ནུས་པ་རྒྱུན་ཆད་མེད་པར་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་རྒྱུ། ལས་རིགས་ཞིང་པ་དཔེ་གསར་གསོ་སྦྱོང་བྱེད་པའི་སྤུས་ཚད་ལེགས་སུ་དང་ཕན་ནུས་ཆེ་རུ་གཏོང་རྒྱུ། དཔེ་སྟོན་རྟེན་གཞིའི་ལྟ་ཞིབ་ཚད་ལེན་དང་། དཔྱད་དཔོག ཕྱིར་འཐེན་བཅས་ཀྱི་ལམ་སྲོལ་འཛུགས་རྒྱུ། དཔེ་སྟོན་རྟེན་གཞིར་འགུལ་རྣམ་དོ་དམ་བྱ་རྒྱུ་བཅས་རེད།
      

    ཕྱོགས་བསྡུས་གསར་འགྱུར།