འཚོལ་བཤེར།   
藏文频道
2017ལོའི་ཟླ་9ཚེས་5ཉིན།
  • མི་དམངས་དྲ་བ།

    ༄༅།།རྒྱ་གར་བྱང་ཕྱོགས་མངའ་སྡེའི་གཞུང་གཉེར་སྨན་ཁང་ཞིག་ཏུ་ཕྲུ་གུ་དམར་འབྱར་49ཤི་བ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 09ཚེས་05ཉིན། 14:04】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་9ཚེས་4ཉིན། རྒྱ་གར་བྱང་ཕྱོགས་མངའ་སྡེའི་སྲིད་གཞུང་གི་གཏམ་བཤད་པས་ཟླ་7ཚེས་20ཉིན་ནས་ཟླ་8ཚེས་21ཉིན་བར་ལ་མངའ་སྡེ་དེའི་ཧྥ་ལུའུ་ཁཱ་པ་ཏེ་རྫོང་གི་གཞུང་གཉེར་སྨན་ཁང་ཞིག་ཏུ་ཕྲུ་གུ་དམར་འབྱར་49ཤི་ཞིང་། ཤི་རྐྱེན་གཅིག་བྱས་ན་གསོ་རླུང་དང་སྨན་གྱི་ཕན་ནུས་མི་འདང་བ་དང་འབྲེལ་བ་ཡོད་ཅེས་ཁྱབ་བསྒྲགས་བྱས་པ་རེད།
         གཏམ་བཤད་པ་དེས་ཟླ་7ཚེས་20ཉིན་ནས་ཟླ་8ཚེས་21ཉིན་བར། ཧྥ་ལུའུ་ཁཱ་པ་ཏེ་རྫོང་གི་གཞུང་གཉེར་སྨན་ཁང་ཞིག་ཏུ་ཕྲུ་གུ་དམར་འབྱར་30གསར་སྐྱེས་ཕྲུ་གུ་ལྟ་སྐྱོང་ཁང་དུ་ཤི་བ་དང་། གཞན་ཡང་ཕྲུ་གུ་དམར་འབྱར་19ནི་སྐྱེ་བའི་སྐབས་སུ་ཤི་བ་རེད། མངའ་སྡེ་དེའི་སྲིད་གཞུང་གིས་རྫོང་དེའི་སྲིད་འཛིན་འགོ་འདོམས་དང་སྨན་ཁང་གི་སྨན་པ་གཙོ་བོ་སོགས་འབྲེལ་ཡོད་ཀྱི་དཔོན་པོ་3ཀྱི་ལས་གནས་ཚ་ལེན་བྱས་པ་མ་ཟད། དོན་རྐྱེན་འདི་ལ་བརྟག་དཔྱད་བྱེད་བཞིན་ཡོད་ཅེས་བཤད་པ་རེད།
         བརྟག་དཔྱད་རགས་ཙམ་བྱས་པ་ལས་གསལ་བར་ལྟར་ན། ཕྲུ་གུ་དམར་འབྱར་30ནི་གསོ་རླུང་མི་འདང་བས་སྐྱེ་འཁོར་དུས་མཚམས་སུ་དབུགས་འགགས་ནས་ཤི་བ་དང་། ཕྲུ་གུ་དམར་འབྱར་གཞན་19ཡི་ཤི་རྐྱེན་ཁྱབ་བསྒྲགས་བྱས་མེད་པ་རེད། ཕྲུ་གུ་དམར་འབྱར་ཤི་བའི་ཕ་མས་ཕྲུ་གུ་དམར་འབྱར་ཤི་རྐྱེན་ནི་གསོ་རླུང་དང་སྨན་དུས་ཐོག་ཏུ་མཁོ་འདོན་བྱས་མེད་པའི་རྐྱེན་གྱིས་ཡིན་ཞེས་བཤད་པ་རེད།
         རྒྱ་གར་དུ་ཉེ་ཆར་སྨན་ཁང་དུ་ཕྲུ་གུ་དམར་འབྱར་གཅིག་བསྡུས་སུ་ཤི་བའི་དོན་རྐྱེན་བསྟུད་མ་བྱུང་བ་རེད།
         རྒྱ་གར་གྱི་སྨྱན་སྦྱོར་ལས་ཁུངས་ཀྱིས་གནས་འཕྲིན་སྤེལ་བར་གཞིགས་ན། ད་ལོའི་ཟླ་བ་8པར། བྱང་ཕྱོགས་མངའ་སྡེའི་ཀེ་ལེ་པུའུ་ཁེར་རྫོང་གི་གཞུང་གཉེར་སྨན་ཁང་ཆེ་ཤོས་སུ་ཉུང་མཐར་ཡང་ཕྲུ་གུ་217ཤི་བ་རེད། སྨན་ཁང་ཕྱོགས་ཀྱིས་ཕྲུ་གུའམ་གསར་སྐྱེ་ཕྲུ་གུ་དམར་འབྱར་ཤི་རྐྱེན་ནི་སྨན་བཅོས་ལས་འཛོལ་སམ་སྨན་བཅོས་ཡོ་བྱད་མི་འདང་བ་དང་འབྲེལ་བ་མེད་པར། གཙོ་བོ་ནི་གློ་བུར་དུ་བྱུང་བའི་ཀླད་པའི་གཉན་ཚད་དང་དུས་མ་ཚང་བར་སྐྱེས་པ་སོགས་ཀྱི་རྒྱུ་རྐྱེན་ལས་བྱུང་བ་ཡིན་ཞེས་བཤད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།