འཚོལ་བཤེར།   
藏文频道
2017ལོའི་ཟླ་9ཚེས་5ཉིན།
  • མི་དམངས་དྲ་བ།

    ༄༅།།གཉོད་ཆུང་བུད་མེད་བར་ཚོང་མགོ་སྐོར་འོག་ཏུ་ཚུད། ཉེན་རྟོག་པ་ཡིས་སློབ་གསོ་བརྒྱབ་ནས་
    གོ་རྟོགས་སད། 

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 09ཚེས་05ཉིན། 10:09】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
            མི་དམངས་དྲ་བའི་འཕྲིན། ཧོ་ནན་གྱི་བུད་མེད་གཅིག་ཝུའུ་ཧན་དུ་བར་ཚོང་གི་གཡོ་འོག་ཏུ་ཚུད་ནས་ཉིན་7སོང་རྗེས་ཁོ་མོའི་བསམ་བློར་རྦད་དེ་འགྱུར་ལྡོག་ཕྱིན་པ་རེད། འབྱོར་པ་ཅན་དུ་འགྱུར་བ་བྱ་ཆེད་ཁོ་མོས་རང་ཉིད་ཀྱི་ལོ་4ལ་སླེབས་པའི་བུ་བཙན་བཀོལ་ལག་ཆར་བརྩིས་ཏེ་བཟའ་ཟླ་ཁོ་མོའི་ལག་གཡོག་བྱེད་དུ་བཅུག མཐར་ལོ་4ལ་སླེབས་པའི་བྱིས་པ་ཝུའུ་ཧན་ཉེན་རྟོག་པ་ཕྱོགས་ཀྱིས་བསྐྱབས་པ་དང་བར་ཚོང་བ་མང་པོ་ཉེན་རྟོག་ཕྱོགས་ཀྱིས་བཀག་ཉར་བྱས་པ་རེད།
           ཝུའུ་ཧན་གྲོང་ཁྱེར་སྤྱི་བདེ་ཅུས་ཏུང་ཧུའུ་ལག་རྩལ་གསར་པ་གསར་སྤེལ་ཁུལ་ཡན་ལག་ཅུས་ཀྱིས་བརྡ་ཁྱབ་བཏང་བར་གཞིགས་ན། ཚེས་22ཉིན་གྱི་ཕྱི་དྲོ། ལོ་30ཙམ་ལ་སླེབས་པའི་སྐྱེས་པ་ཞིག་ཡན་ལག་ཅུས་ཐུང་ཤིན་མངགས་གཏོང་ཁང་དུ་ཉེན་དོན་སྙན་སེང་ཞུ་བར་ཡོང་། རུས་མིང་ལ་སུང་ཟེར་བའི་སྐྱེས་པ་དེ་བཟའ་ཟླ་ལི་ཆེ་གེ་མོ་དང་མཉམ་དུ་ཧོ་ནན་ལ་ཚོང་ཁང་ཞིག་བཙུགས་ནས་ཡོང་འབབ་ཀྱང་ཡག་པོ་ཡོད། འོན་ཀྱང་འདི་ལོའི་ཟླ་བ་བདུན་པར་ལི་ཆེ་གེ་མོའི་གྲོགས་པོ་ཞིག་ཝུའུ་ཧན་དུ་ནད་གཡོག་རྒྱུག་མཁན་མེད་སྟབས་ལི་ཆེ་གེ་མོ་ཝུའུ་ཧན་དུ་ནད་གཡོག་རྒྱུག་པར་ཡོང་།
           ལི་ཆེ་གེ་མོ་ཝུའུ་ཧན་དུ་འབྱོར་བའི་ཉིན་དང་པོར་བཟའ་ཟླར་ཁ་པར་རྒྱག་སྐབས་དུས་རྒྱུན་དང་མི་འདྲ་བའི་ཚོར་སྣང་ཞིག་སྟེར་ཡང་སུང་ཆེ་གེ་མོས་བསམ་བློ་མང་པོ་མི་བཏང་བར་ཁོ་མོ་སྔ་ཙམ་ལོག་ཤོག་ཅེས་བཤད། དེ་རྗེས་ཀྱི་གཟའ་འཁོར་གཅིག་ནང་སུང་ཆེ་གེ་མོ་དང་ལི་ཆེ་གེ་མོ་རྦད་དེ་འབྲེལ་བ་ཆད། ཁོ་པ་སེམས་ཁྲལ་བྱེད་པའི་སྐབས་སུ་ལི་ཆེ་གེ་མོའི་ཁ་པར་སླེབས་ནས་ཁོ་མོ་ཉིན་བདུན་ནང་སློབ་སྦྱོང་མང་པོ་བྱས་པ་ཡིན། ངར་ལས་ཀ་ཡག་པོ་ཞིག་རྙེད་བྱུང་། ཁྱོད་ཀྱིས་བུ་དང་མཉམ་དུ་ཝུའུ་ཧན་ལ་ལས་ཀ་བྱེད་པར་ཤོག་ཅེས་བཤད།
           ཟླ་8ཚེས་20ཉིན་སུང་ཆེ་གེ་མོས་བུ་འཁྲིད་དེ་ཝུའུ་ཧན་དུ་འབྱོར། བཟའ་ཟླ་འཕྲད་སྐབས་ལས་ཀ་ཡག་པོ་དེ་བར་ཚོང་ཡིན་པ་ཤེས། ཁོང་ཚོ་ཁང་པ་གཅིག་ནང་མི་20ལྷག་ཙམ་མཉམ་དུ་བསྡད་དེ་བཙན་ཤེད་ཀྱིས་སློབ་ཚན་ཁྲིད་ཀྱི་ཡོད། ཁོ་པས་བཟའ་ཟླ་མགོ་སྐོར་འོག་ཚུད་པ་རྟོགས་ནས་ཁོ་མོ་ཁྱིམ་དུ་ལོག་རྒྱུའི་ཁ་ཏ་བསླབ་བྱ་བྱས། འོན་ཀྱང་ལི་ཆེ་གེ་མོས་བསླབ་བྱ་རྩ་བ་ནས་མི་ཉན་པ་མ་ཟད། ད་དུང་ཁོ་མོས་བུ་པང་ནས་མི་གློད་པར་སུང་ཆེ་གེ་མོར་ང་དང་མཉམ་དུ་བར་ཚོང་ལས་ཀ་བྱས་ན་མ་གཏོགས་བུ་ངའི་འགྲམ་ནས་འཁྲིད་རྩིས་མ་བྱེད་ཅེས་བརྗོད་ནས་ཁོ་པར་བཙན་སྐུལ་བྱས།
          སུང་ཆེ་གེ་མོས་བབ་དང་བསྟུན་ནས་ཁོ་མོར་ཁས་བླངས་ཏེ་ཁོང་ཚོ་དང་མཉམ་དུ་སྡོད་པའི་ཞོར་ལ་ཉེན་རྟོག་ཕྱོགས་ལ་རོགས་རམ་བྱ་རྒྱུའི་རེ་བ་བཏོན། ཚེས་22ཉིན་གྱི་ཕྱི་དྲོ་སུང་ཆེ་གེ་མོས་ཅ་ལག་ཉོ་བ་འགྲོ་རྒྱུའི་ཁ་གཡར་ནས་ཉེན་རྟོག་པ་བཙལ་བ་རེད། ཉེན་རྟོག་ཕྱོགས་ཀྱིས་འཕྲལ་དུ་ཉེན་རྟོག་པ་བཏང་སྟེ་ལི་ཆེ་གེ་མོ་དང་བུ་བསྐྱབས་པ་དང་ཆབས་ཅིག་བར་ཚོང་རྩ་འཛུགས་ཀྱི་འགོ་པ་4བཀག་ཉར་བྱས་པ་རེད།
          བསྐྱབས་ཐུབ་པའི་ལི་ཆེ་གེ་མོའི་བསམ་བློ་རྦད་དེ་འགྱུར་ནས་ཕྲུ་གུ་བཟའ་ཟླར་རྩ་བ་ནས་སྤྲོད་ཀྱི་མེད་ལ་བཟའ་ཟླ་དང་མཉམ་དུ་ཕ་ཡུལ་ཧོ་ནན་དུ་དེ་བས་ལོག་འདོད་ཀྱང་བྱེད་ཀྱི་མེད། མི་དམངས་ཉེན་རྟོག་པས་ཁ་ཏ་བསླབ་བྱ་བྱས་ཀྱང་མི་ཉན་སྟབས་ལི་ཆེ་གེ་མོ་བཀག་ཉར་བྱས་པ་དང་ཕྲུ་གུ་བཟའ་ཟླར་སྤྲད་དེ་ཕ་ཡུལ་དུ་ལོག་བཏང་། ད་ལྟ་ལི་ཆེ་གེ་མོ་ཐུང་ཤིན་མངག་གཏོང་ཁང་དུ་སློབ་གསོ་དང་ལེན་བྱེད་བཞིན་ཡོད། མི་དམངས་ཉེན་རྟོག་པའི་ཁ་ཏ་བསླབ་བྱ་བྱས་པ་དང་བར་ཚོང་གི་གྱོད་དཔེ་དག་ལས་དྲན་སྐུལ་བྱས་པ་བརྒྱུད། མཐར་ལི་ཆེ་གེ་མོས་རང་ཉིད་མགོ་སྐོར་ཐེབས་པ་གཞི་ནས་རྟོགས་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།