འཚོལ་བཤེར།   
藏文频道
2017ལོའི་ཟླ་8ཚེས་9ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་ལྗོངས་ཀྱིས་འདི་ལོར་མཐའ་མཚམས་ཉོ་ཚོང་ཁྲོམ་ར་6བསྐྱར་སྐྲུན་རྒྱས་སྐྲུན་བྱས་པ། 

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 08ཚེས་09ཉིན། 10:58】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
            མི་དམངས་དྲ་བའི་འཕྲིན། བོད་ལྗོངས་ཀྱིས་འདི་ལོ་ཆེད་དོན་མ་དངུལ་སྒོར་ཁྲི་5200ལྷག་ཙམ་བཏང་ནས་སྐྱིད་གྲོང་རྒྱལ་སྤྱིའི་མཐའ་མཚམས་ཉོ་ཚོང་ཁྲོམ་ར་སོགས་མཐའ་མཚམས་ཉོ་ཚོང་ཁྲོམ་ར་6གསར་དུ་བསྐྲུན་པའམ་ཡང་ན་བསྐྱར་སྐྲུན་རྒྱས་སྐྲུན་བྱས་པ་དང་གཏིང་སྐྱེས་རྫོང་གི་མཐའ་མཚམས་ཚོང་ཟོག་ཉོ་ཚོང་ཁྲོམ་ར་4བསྐྲུན་རྒྱུར་རྒྱབ་སྐྱོར་བྱས་ཏེ་མཐའ་མཚམས་ཡུལ་མིའི་ཚོང་ཟོག་ཉོ་ཚོང་ཚོང་དོན་ལ་རོགས་རམ་བྱས་ནས་མཐའ་མཚམས་ཡུལ་མིར་རྒྱུན་མཐུད་འབབ་འཕར་ཡོང་རྒྱུར་ཁྲིད་སྟོན་བྱས་ཡོད་པ་རེད། 
             ཤེས་རྟོགས་བྱས་པར་གཞིགས་ན། བོད་ལྗོངས་ཀྱི་འབྲེལ་ཡོད་སྡེ་ཚན་གྱིས་གནད་སྨིན་དབུལ་སྐྱོར་དང་ཟུང་འབྲེལ་བྱས་ནས་《བོད་རང་སྐྱོང་ལྗོངས་ཀྱི་མཐའ་མཚམས་ཡུལ་མིའི་ཚོང་ཟོག་ཉོ་ཚོང་གི་གནད་སྨིན་དབུལ་སྐྱོར་ལས་ཀའི་ཚོད་ལྟའི་ཇུས་གཞི་》བཏོན་ནས་འགག་སྒོ་གཙོ་བོ་དང་མཐའ་མཚམས་ཉོ་ཚོང་བགྲོད་ལམ་དུ་ལུགས་མཐུན་དང་སྟབས་བསྟུན་གྱི་མཐའ་མཚམས་ཡུལ་མིའི་ཚོང་ཟོག་ཉོ་ཚོང་ལ་སྐུལ་འདེད་གཏོང་བའི་སྲིད་ཇུས་ཚོད་ལྟ་དང་བཅས་ལག་བསྟར་བྱས་པ་རེད། ཟླ་བ་ལྔ་པའི་ཟླ་མཇུག་བར་བོད་ལྗོངས་ཀྱི་ཚོང་ཟོག་ནང་འདྲེན་དང་ཕྱིར་འདྲེན་གྱི་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར་29.6ཟིན་ནས་དུས་མཚུངས་ལས་86.5%འཕར་ཡོད། མཐའ་མཚམས་ཡུལ་མིའི་ཚོང་ཟོག་ཉོ་ཚོང་གིས་མང་ཚོགས་དབུལ་སྒྲོལ་ཕྱུག་འགྱུར་ལ་སྐུལ་འཁྲིད་བྱེད་པའི་ཕན་འབྲས་ལོ་རེ་བཞིན་ཆེ་རུ་འགྲོ་བཞིན་ཡོད་པ་རེད། 
            2015ལོའི“4·25”ཡི་ས་ཡོམ་གྱི་གནོད་འཚེ་ཆེན་པོ་ཕོག་མོད། འོན་ཀྱང་བོད་ལྗོངས་ཀྱི་མཐའ་མཚམས་ཉོ་ཚོང་ཐད“བརྟན་ཐོག་ལེགས་འཕེལ”དང“གྲུབ་ཆ་ལེགས་པའི”འཕེལ་ཕྱོགས་སྤྱིར་ན་མངོན་འགྱུར་ཐུབ་ཡོད། བོད་ལྗོངས་ཀྱི་མཐའ་མཚམས་འབོར་ཉུང་ཉོ་ཚོང་གི་དངུལ་གྲངས་སྒོར་དུང་ཕྱུར་29.86ཟིན་ནས་ཆག་ཚད་2015ལོ་ལས་བརྒྱ་ཆའི་གྲངས་73.8དམའ་རུ་ཕྱིན་ཡོད་པ་རེད། མཐའ་མཚམས་ཡུལ་མིའི་ཚོང་ཟོག་ཉོ་ཚོང་སྒོར་དུང་ཕྱུར་10.96ཟིན་ནས་དུས་མཚུངས་ལས་7%འཕར་ཡོད། གྲུབ་ཆའི་ཐད་ནས་བལྟས་ཚེ་སྲོལ་རྒྱུན་གྱི་ཐོན་ཁུངས་རྣམ་པའི་ཐོན་རྫས་དང་ལག་ཤེས་བཟོ་རྩལ་ཐོན་རྫས་བརྟན་པོའི་ངང་འཕར་རྒྱུ་རྒྱུན་འཁྱོངས་ཐུབ་པ་ཕུད། རྒྱུན་སྤྱོད་ཁྱིམ་སྤྱོད་གློག་ཆས་དང་ལག་ཐོགས་ཁ་པར་སོགས་བཟོ་ལས་ཐོན་རྫས་ཀྱིས་མཐའ་མཚམས་ཡུལ་མིའི་ཚོང་ཟོག་ཉོ་ཚོང་ཁྲོད་བསྡུར་གྲངས་བཟུང་ཚད་རྒྱུན་ཆད་མེད་པར་མཐོ་རུ་ཕྱིན་ཡོད་པ་རེད།
            གཞན་ཡང་བོད་ལྗོངས་ཀྱིས་འདི་ལོ་སྐྱིད་གྲོང་འགག་སྒོའི་གེགས་རྗེས་བསྐྱར་སྐྲུན་ལ་དུས་ཚོད་དམ་འཛིན་གྱིས་སྐུལ་འདེད་བཏང་བ་དང་། འགྲམ་འགག་སྒོའི་དངོས་ཟོག་བགྲོད་ལམ་གྱི་ནུས་པ་ཚན་རིག་དང་མཐུན་པའི་སྒོ་ནས་སླར་གསོ་ཡོང་བར་ཞིབ་འཇུག་བྱས་ནས་འགྲམ་འགག་སྒོ་སླར་ཡང་སྒོ་མོ་གང་མགྱོགས་འབྱེད་རྒྱུར་སྐུལ་འདེད་བཏང་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།