འཚོལ་བཤེར།   
藏文频道
2016ལོའི་ཟླ་5ཚེས་10ཉིན།
  • མི་དམངས་དྲ་བ།

    ༄༅།།དུད་ཚང་དབུལ་པོ་ཡུལ་གཞན་དུ་དབུལ་སྐྱོར་གནས་སྤོ་བྱ་རྒྱུར་རྒྱབ་སྐྱོར་བྱས་པ།

    སི་ཁྲོན་བོད་རིགས་ས་ཁུལ་གྱིས་གྲོང་གསེབ་ལ་ཡིག་ཚགས་དང་གཱ་བཟོ་རོགས་བྱས་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 05ཚེས་10ཉིན། 08:52】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། ཟླ་5ཚེས་3ཉིན་སི་ཁྲོན་ཞིང་ཆེན་སྲིད་གཞུང་གི་རྒྱུན་ལས་ཚོགས་འདུའི་ཐོག་《སི་ཁྲོན་ཞིང་ཆེན་གྱིས་ཡུལ་གཞན་དུ་དབུལ་སྐྱོར་གནས་སྤོ་བྱ་རྒྱུར་རྒྱབ་སྐྱོར་བྱེད་པའི་འབྲེལ་ཡོད་སྲིད་ཇུས་》ལ་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་ཞིང་། ཡུལ་གཞན་དུ་དབུལ་སྐྱོར་གནས་སྤོའི་མ་དངུལ་དེ་གྲོང་གསེབ་ཀྱི་ཡིག་ཚགས་དང་གཱ་བཟོ་བ་དང་དུད་ཚང་དབུལ་པོའི་སྡོད་ཁང་འཛུགས་སྐྲུན་ཐད་དམིགས་བསལ་གྱིས་སྔོན་ལ་སྤྱོད་རྒྱུ་ཡིན་པ་དང་། དེའི་ནང་ནས་ས་མཐོའི་བོད་རིགས་ས་ཁུལ་དང་ལེའང་ཧྲན་དབྱིས་རིགས་ས་ཁུལ་ཆེ་བ་དང་ཆུང་བར་ཆ་སྙོམས་སྡོད་ཁང་འཛུགས་སྐྲུན་མ་གནས་ཀྱི་80%ལས་མི་དམའ་བའི་ཐོག་ནས་རྒྱབ་སྐྱོར་བྱ་རྒྱུ་ཡིན་པ་རེད།
         གསར་འགོད་པས་སི་ཁྲོན་ཞིང་ཆེན་སྲིད་གཞུང་གི་རྒྱུན་ལས་ཚོགས་འདུའི་ཐོག་ནས་ཤེས་རྟོགས་བྱས་པར་གཞིགས་ན། སི་ཁྲོན་ཞིང་ཆེན་གྱིས་ཡུལ་གཞན་དུ་དབུལ་སྐྱོར་གནས་སྤོ་བྱ་རྒྱུར་མ་དངུལ་གཏོང་ཤུགས་ཆེ་རུ་བཏང་སྟེ་ད་ཐེངས་བཟོས་པའི་འབྲེལ་ཡོད་སྲིད་ཇུས་གཞིར་བཟུང་ཡུལ་གཞན་དུ་དབུལ་སྐྱོར་གནས་སྤོའི་མ་དངུལ་དེ་གྲོང་གསེབ་ལ་ཡིག་ཚགས་དང་གཱ་བཟོ་བ་དང་དུད་ཚང་དབུལ་པོའི་སྡོད་ཁང་འཛུགས་སྐྲུན་ཐད་དམིགས་བསལ་གྱིས་སྔོན་ལ་སྤྱོད་རྒྱུ་ཡིན་ཞིང་། ས་མཐོའི་བོད་རིགས་ས་ཁུལ་དང་ལེའང་ཧྲན་དབྱིས་རིགས་ས་ཁུལ་ཆེ་བ་དང་ཆུང་བར་ཆ་སྙོམས་སྡོད་ཁང་འཛུགས་སྐྲུན་མ་གནས་ཀྱི་80%ལས་མི་དམའ་བའི་ཐོག་ནས་རྒྱབ་སྐྱོར་བྱ་རྒྱུ་ཡིན་པ་དང་། རི་བོ་ཆིན་པ་ཧྲན་དང་རི་བོ་ཨུའུ་མོང་ཧྲན་ཡུག་ཁུལ་དུ་ཆ་སྙོམས་སྡོད་ཁང་འཛུགས་སྐྲུན་མ་གནས་ཀྱི་70%ལས་མི་དམའ་བའི་ཐོག་ནས་རྒྱབ་སྐྱོར་བྱ་རྒྱུ་ཡིན་པ། ས་ཁུལ་གཞན་དག་ལ་ཆ་སྙོམས་སྡོད་ཁང་འཛུགས་སྐྲུན་མ་གནས་ཀྱི་60%ལས་མི་དམའ་བའི་ཐོག་ནས་རྒྱབ་སྐྱོར་བྱ་རྒྱུ་ཡིན་པ་རེད།
         ས་ཆ་རྒྱབ་སྐྱོར་གྱི་སྲིད་ཇུས་ཐད་སི་ཁྲོན་ཞིང་ཆེན་གྱིས་སྣོན་འཕྲི་ཟུང་འབྲེལ་གྱི་སྲིད་ཇུས་ལེགས་པར་སྤྱད་དེ་དབུལ་སྐྱོར་གསར་སྤེལ་དང་ཡུལ་གཞན་དུ་དབུལ་སྐྱོར་གནས་སྤོའི་ལས་དོན་ལ་རྒྱབ་སྐྱོར་ཧུར་ཐག་བྱ་རྒྱུ་ཡིན་པ་དང་། གཅིག་སྡུད་ཡུག་འབྲེལ་གྱི་དམིགས་བསལ་དཀའ་ངལ་ཡོད་པའི་ས་ཁུལ་དང་། རྒྱལ་ཁབ་ཀྱི་དབུལ་སྐྱོར་གསར་སྤེལ་ལས་དོན་གྱི་གཙོ་གནད་རྫོང་། ཡུལ་གཞན་དུ་དབུལ་སྐྱོར་གནས་སྤོའི་ལས་དོན་སྤེལ་མཁན་དབུལ་པོའི་རྟེན་གཞི་ཁུལ་རྙིང་པ་བཅས་སུ་སྣོན་འཕྲི་ཟུང་འབྲེལ་གྱི་སྲིད་ཇུས་སྤྱོད་རྒྱུ་དང་གྲོང་ཁྱེར་དང་གྲོང་གསེབ་ཀྱི་འཛུགས་སྐྲུན་ས་ཆའི་སྣོན་འཕྲི་ཟུང་འབྲེལ་གྱི་ལྷག་འཕྲོའི་སྟོན་གྲངས་དེ་ཞིང་ཆེན་གྱི་ཁྱབ་ཁོངས་ནང་འཁོར་རྒྱུག་བེད་སྤྱོད་བྱེད་ཆོག་གི་ཡོད་པ་རེད།
         དེ་དང་དུས་མཚུངས་ཆ་རྐྱེན་འཛོམས་པའི་ས་ཁུལ་དབུལ་པོའི་ཡུལ་གཞན་དུ་དབུལ་སྐྱོར་གནས་སྤོའི་བཀོད་སྒྲིག་ཁུལ་དུ་སི་ཁྲོན་ཞིང་ཆེན་གྱིས་ཞིང་ཆེན་རིམ་པའི་ས་ཆ་ལེགས་སྒྲིག་རྣམ་གྲངས་དམིགས་བསལ་གྱིས་སྔོན་ལ་བཀོད་སྒྲིག་བྱས་ཏེ་ས་ཞིང་གི་སྤུས་ཚད་མཐོ་རུ་བཏང་ནས་མི་འཚོ་སྡོད་ཆ་རྐྱེན་དང་སྣོད་བཅུད་ཁོར་ཡུག་ལེགས་སུ་གཏོང་རྒྱུ་ཡིན་པ་རེད།
         གཞན་ཡང་སི་ཁྲོན་ཞིང་ཆེན་གྱིས་ས་ཁུལ་ཁག་གིས་ཞིང་འབྲེལ་མ་དངུལ་སྣ་ཚོགས་བསྡུ་སྒྲིལ་བྱ་རྒྱུར་རྒྱབ་སྐྱོར་བྱས་ཏེ་མ་དངུལ་དེ་ཉིད་བཀོད་སྒྲིག་ཁུལ་གྱི་གཞི་ཁྱོན་ཚད་དང་རན་པའི་འདེབས་འཛུགས་ལས་རིགས་དང་། གསོ་ཚགས་ལས་རིགས། ནགས་ཚལ་ཐོན་སྐྱེད་ལས་རིགས་སོགས་ཁྱད་ཆོས་དང་ལེགས་ཆ་ལྡན་པའི་ཐོན་ལས་འཕེལ་རྒྱས་གཏོང་རྒྱུར་སྤྱོད་རྒྱུ་དང་། སོས་དལ་ཞིང་ལས་དང་། གྲོང་གསེབ་ཡུལ་སྐོར། དམངས་སྲོལ་རིག་གནས་སོགས་ཞབས་ཞུའི་ལས་རིགས་འཕེལ་རྒྱས་གཏོང་རྒྱུར་རྒྱབ་སྐྱོར་བྱས་ཏེ་ཐོན་ལས་དང་པོ་དང་། གཉིས་པ། གསུམ་པ་བཅས་མཉམ་འདྲེས་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་བཏང་ནས་གནས་སྤོ་བྱས་པའི་མང་ཚོགས་ཀྱི་ལས་ཞུགས་དང་འབབ་འཕར་གྱི་ཐབས་ལམ་རྒྱ་ཆེར་གཏོང་རྒྱུ་ཡིན་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།