འཚོལ་བཤེར།   
藏文频道
2016ལོའི་ཟླ་5ཚེས་9ཉིན།
  • མི་དམངས་དྲ་བ།

    ༄༅།།མཚོ་སྔོན་དུ“གཅེས་སེམས་སྐྱེད་མས”གཞིས་ལུས་བྱིས་པར་བརྩེ་སེམས་བཅངས།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 05ཚེས་09ཉིན། 10:29】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         “ངས་བུ་མོ་པའེ་རུ་ཐོག་མར་མཐོང་སྐབས་ཀྱི་གནས་ཚུལ་དེ་ནམ་ཡང་བརྗེད་མི་སྲིད། ངས་བུ་མོར་གང་དགོས་ཞེས་འདྲི་སྐབས། མགོ་སྒུར་སྒུར་བྱས་ནས་ཡུད་ཙམ་བསྡད་རྗེས། མིག་ཆུས་ཁེངས་པའི་གདོང་དེ་ང་ལ་བལྟས་ནས‘ང་ལ་ཨ་མ་དགོས’ཞེས་བཤད་བྱུང་། སྐད་ཆ་དེ་ཐོས་མ་ཐག་ང་ཡང་རང་དབང་མེད་པར་མིག་ཆུ་ཤོར་ནས་བུ་མོ་དེར་དམ་པོར་འཐམ་པ་ཡིན”ཞེས“གཅེས་སེམས་སྐྱེད་མ”ལིའུ་སུའུ་མེ་ཡིས་མིག་ལ་མཆི་མ་འཁོར་བཞིན་ལོ་བཞིའི་གོང་གི་གནས་ཚུལ་བརྗོད་བྱུང་།
         ལིའུ་སུའུ་མེ་དང་ལོ་11ལ་སླེབས་པའི་པའེ་རུ་མཚོ་སྔོན་ཞིང་ཆེན་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཀྲོའུ་གོར་མོ་གྲོང་ཁྱེར་ཧོ་ཤིས་ཁྲོམ་གཞུང་དུ་སྡོད་ཀྱི་ཡོད་པ་དང་། དེ་ནི་གྲོང་ཁྱེར་ཡོངས་ཀྱི་གཞིས་ལུས་བྱིས་པ་གཅིག་སྡུད་བྱེད་ས་ཞིག་ཡིན་ཞིང་། པའེ་རུ་ཡི་ཕ་མ་གཉིས་ཀ་ཡུན་རིང་ཀན་སུའུ་རུ་ལས་ཀ་བྱེད་དགོས་པར་བརྟེན། བུ་མོ་སྤོ་བོ་ལགས་དང་རྨོ་བོ་ལགས་དང་མཉམ་དུ་འཚོ་བ་སྐྱེལ་གྱི་ཡོད།
         མཚོ་བོད་ས་མཐོའི་ཤར་རྒྱུད་དུ་གནས་པའི་མཚོ་སྔོན་ཞིང་ཆེན་དུ་གཅིག་སྡུད་ཡུག་འབྲེལ་གྱི་དཀའ་ངལ་ཡོད་པའི་ས་ཁུལ་གཉིས་ཡོད་ཅིང་། འཚོ་བའི་ཆ་རྐྱེན་ལེགས་སུ་གཏོང་ཆེད། གཞོན་ནུ་མང་པོ་ཞིག་ཕྱིར་ལས་མི་བྱེད་པར་འགྲོ་གི་ཡོད་པ་དང་། ཞིང་ཆེན་ཡོངས་ཀྱི་མི་འབོར་ཁྲི་580ལྷག་ཙམ་ནང་ལོ་6ནས་ལོ་14ལ་སླེབས་པའི་གཞིས་ལུས་བྱིས་པ་ཁྲི་4ལྷག་ཙམ་ཡོད་པ་རེད།
         མཚོ་སྔོན་ཞིང་ཆེན་བུད་མེད་མཉམ་འབྲེལ་ལྷན་ཚོགས་བྱིས་པ་པུའི་པུའུ་ཀྲང་ཝང་རུའེ་ཅུས་ཀྱིས་གསར་འགོད་པར་ཉེ་བའི་ལོ་ཤས་རིང་སྤྱི་ཚོགས་ཡར་རྒྱས་འགྲོ་བ་དང་སྦྲགས་གཞིས་ལུས་བྱིས་པའི་གཞི་རྩའི་འཚོ་བའི་ཆ་རྐྱེན་ལེགས་སུ་ཆེན་པོ་ཕྱིན་ཡང་ཕ་མ་དང་ཡུན་རིང་བྲལ་བའི་ཁར་སྤོ་བོ་ལགས་དང་རྨོ་བོ་ལགས་དང་འབྲེལ་འདྲེས་བྱེད་དཀའ་བར་བརྟེན་ཕྲུ་གུའི་གཤིས་ཀར་ཤུགས་རྐྱེན་ཐེབས་ཀྱི་འདུག་ཅེས་བཤད་བྱུང་།
          2011ལོ་ཚུན་མཚོ་སྔོན་ཞིང་ཆེན་གྱིས་མིང་ངོ་མ་འགོད་པའི“གཅེས་སེམས་སྐྱེད་མའི”ཆ་སྒྲིག་དོ་ཁུར་བྱེད་སྒོ་སྤེལ་ཞིང་། བྱེད་སྒོ་སྤེལ་བའི་ལོ་གཉིས་པར་ལིའུ་སུའུ་མེ་པའེ་རུ་ཡི“གཅེས་སེམས་སྐྱེད་མར”གྱུར།
         ལིའུ་སུའུ་མེ་ཡིས་ཐོག་མར་པའེ་རུ་དང་གཤིབ་སྐབས་བུ་མོ་དེ་ངོ་ཚ་སྨིན་ལ་ཁ་སྦུག་དོག་པོ་འདུག ངས་པའེ་རུ་གློག་བརྙན་ལྟ་བར་ཡང་ཡང་འཁྲིད་པ་དང་འབྲེལ་སྒྲུང་དེབ་བཀླགས་པར་བརྟེན་པའེ་རུ་ཡི་གཤིས་ཀར་རིམ་བཞིན་འགྱུར་ལྡོག་ཕྱིན་སོང་ཞེས་བཤད།
         “ཕྲུ་གུ་དེ་ཧ་ཉིད་གོ་པོ་འདུག་པས་ངས་གཟའ་མཇུག་ལ་ནང་ལས་བྱེད་སྐབས་ཁོ་མོས་ང་ལ་རོགས་པ་མི་ཉུང་བ་བྱེད་ཀྱི་འདུག རྗེས་སུ་ཁོ་མོ་སྐད་ཆ་ཤོད་རྒྱུར་དགའ་ལ་སྤྲོ་སྣང་ལྡན་པ་ཞིག་ཏུ་འགྱུར་བ་ངས་ཤེས་བྱུང”ཞེས་ལིའུ་སུའུ་མའེ་ཡིས་བཤད་བྱུང་།
         ལིའུ་སུའུ་མེ་དང་པའེ་རུའུ་གཉིས་པོའི་གཏམ་རྒྱུད་དེ་འདྲ་བ་ད་དུང་མང་པོ་ཞིག་ཡོད་ཅིང་། མཚོ་བྱང་བོད་རིགས་རང་སྐྱོང་ཀྲོའུ་རུ་སྡོད་པའི“གཅེས་སེམས་སྐྱེད་མ”མཱ་ཞའོ་ལིན་ནི་སློབ་ཆུང་གི་དགེ་རྒན་ཞིག་ཡིན་པ་དང་། ལོ་3གོང་ཁོང་གིས་དབང་པོ་སྐྱོན་ཅན་གྱི་གཞིས་ལུས་བྱིས་པ་ཧྲ་ཞའོ་ཅུན་དང་ཆ་སྒྲིག་བྱས།
          “ང་ཚོས་ཁོ་པའི་རང་རྐྱ་འཕེལ་བའི་ནུས་པ་གསོ་སྐྱོང་བྱ་རྒྱུར་དོ་སྣང་ཧ་ཅང་ཆེན་པོ་བྱེད་ཀྱི་ཡོད། ཁོ་པ་དབང་པོ་སྐྱོན་ཅན་ཞིག་ཡིན་པས་ཞ་སྨྱུག་གི་ཁ་གཞོག་རྒྱུར་ཡང་དཀའ་ངལ་ཡོད་སྟབས། ངས་ཞ་སྨྱུག་ཆག་པ་ཞིག་ཉོས་ཏེ་ཁོ་པར་ཁ་གཞོག་སྟངས་རེ་རེ་བཞིན་སློབ་ཀྱི་ཡོད། གཞན་ཡང་འཛིན་གྲྭའི་ནང་གི་སློབ་གྲོགས་སྐུལ་སློང་བྱས་ཏེ་རེས་མོས་ངང་ཁོ་པའི་སློབ་སྦྱོང་དང་འཚོ་བའི་ཁྲོད་ཀྱི་དཀའ་ངལ་སེལ་རོགས་བྱེད་དུ་བཅུག་པ་ཡིན”ཞེས་མཱ་ཞའོ་ལིན་གྱིས་བརྗོད་པ་དང་། ཁོང་གིས“ཁོ་པ་དང་གཤིབ་པའི་བརྒྱུད་རིམ་ནང་ངས་ཀྱང་གནས་ལུགས་མི་ཉུང་བ་ཞིག་ཤེས་བྱུང་། ལྷག་དོན་དུ་ཁོ་པར་དཀའ་ངལ་དང་བར་ཆད་འཕྲད་སྐབས་ཀྱི་ཞུམ་མེད་སྙིང་སྟོབས་དེས་ང་ལ་བབ་ཆགས་ཟབ་མོ་ཞིག་བཞག་བྱུང”ཞེས་བཤད་བྱུང་།
         “སྐྱེད་མ་ཞིག་ཡིན་པའི་ངོས་ནས་ཕྲུ་གུར་དུས་མཚམས་མི་རེ་ངོ་རེར་གཅེས་སྐྱོང་གང་འདྲ་ཞིག་དགོས་མིན་ངས་དེ་བས་བསམ་ཤེས་ཐུབ་ཀྱི་འདུག་ལ་ཕྲུ་གུའི་རེ་འདོད་ཆེ་ཤོས་གང་ཡིན་མིན་ཡང་གསལ་པོ་ཤེས་ཀྱི་འདུག”ཅེས་མཚོ་ལྷོ་བོད་རིགས་རང་སྐྱོང་ཀྲོའུ་ཀུའེ་ནན་རྫོང་དུ་སྡོད་པའི“གཅེས་སེམས་སྐྱེད་མ”ཝུའུ་ཡན་གྱིས་བཤད་བྱུང་།
         མཚོ་སྔོན་མི་རིགས་སློབ་ཆེན་སློབ་གསོ་སློབ་གླིང་གི་དགེ་རྒན་ཆེ་མོ་བ་ལི་ཙེ་ཧྭ་ཡིས“གཅེས་སེམས་སྐྱེད་མ”དང་གཞིས་ལུས་བྱིས་པ་ཆ་སྒྲིག་བྱས་རྗེས་གཞིས་ལུས་བྱིས་པར“རྒྱུན་རིང་སེམས་ཁུར”ཐུབ་པ་མ་ཟད། གཞིས་ལུས་བྱིས་པ་མི་རེ་ངོ་རེའི་ཞིབ་ཕྲའི་གནས་ཚུལ་གཞིར་བཟུང“གནད་སྨིན་སེམས་ཁུར”ཡང་བྱེད་ཐུབ་ངེས་ཡིན་པའི་ངོས་འཛིན་བྱེད་ཀྱི་འདུག
          ཤེས་རྟོགས་བྱས་པར་གཞིགས་ན། མིག་སྔའི་བར་མཚོ་སྔོན་ཞིང་ཆེན་དུ“གཅེས་སེམས་སྐྱེད་མ”8085ལྷག་ཙམ་ཡོད་པ་དང་། གཞིས་ལུས་བྱིས་པ་ཁྲི་3ལྷག་ཙམ་ལ་ཆ་སྒྲིག་གཅེས་སྐྱོང་བྱེད་ཀྱི་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།