འཚོལ་བཤེར།   
藏文频道
2016ལོའི་ཟླ་1ཚེས་8ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་ལྗོངས་ཀྱིས"སྤུར་རྒྱལ་རྟེན་རྫས་བཤམས་མཛོད་ཁང"ཐོག་མ་དེ་བསྐྲུན་ཆེད་རྒྱལ་ཁབ་
    ཕྱི་ནང་ལ་ཕྱོགས་ཏེ་ཉར་ཚགས་རིག་དངོས་བསྡུ་རུབ་བྱས་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 01ཚེས་08ཉིན། 09:57】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
          མི་དམངས་དྲ་བའི་འཕྲིན། 2016ལོའི་སྤྱི་ཟླ་1ཚེས་6ཉིན་བོད་རང་སྐྱོང་ལྗོངས་ཀྱིས་རྒྱལ་ཁབ་ཕྱི་ནང་གི་དམངས་ཁྲོད་ཀྱི་རིག་དངོས་ཉར་ཚགས་སྡེ་ཁག་དང་མི་སྒེར་ལ་ཕྱོགས་ནས་སྤུར་རྒྱལ་དུས་སྐབས་ཀྱི་ཉར་ཚགས་རིག་དངོས་བསྡུ་ཉོ་བྱས་ཏེ་མིག་སྔར་བསྐྲུན་བཞིན་པའི་རྒྱལ་ནང་གི་སྤུར་རྒྱལ་རྟེན་རྫས་བཤམས་མཛོད་ཁང་ཐོག་མ་དེའི་ཉར་ཚགས་རིག་དངོས་ཀྱི་གྲངས་ཀ་མང་དུ་བཏང་བ་དང་། དུས་མཚུངས་སུ་སྔར་ལས་ལྷག་པའི་ངང་བོད་མི་རིགས་ཀྱི་ལོ་རྒྱུས་རིག་གནས་རྒྱུན་འཛིན་དང་སྲུང་སྐྱོབ་བྱས་ཡོད་པ་རེད།
         སྤུར་རྒྱལ་རྒྱལ་རབས་ནི་བོད་ཀྱི་ལོ་རྒྱུས་ཐོག་ལོ་རྒྱུས་ཀྱི་དཔྱད་གཞིའི་ཡིག་རིགས་ནང་གསལ་པོ་འཁོད་པའི་སྲིད་དབང་ཡིན་པ་དང་། དེས་སྐབས་དེ་དུས་སྲིད་དབང་བཅད་བཟུང་དང་ཁ་ཐོར་དུ་གནས་པའི་འཕེལ་རྒྱས་ཀྱི་རྣམ་པ་མཇུག་འགྲིལ་ནས། མཚོ་བོད་ས་མཐོའི་རིག་གནས་གཅིག་སྡུད་དང་རྒྱ་སྟོབས་ཆེ་རུ་ཕྱིན་ཡོད། བོད་བཙན་པོའི་དུས་མཇུག་ཏུ་ཡོ་ལང་དང་དམག་འཁྲུག་བྱུང་མོད། འོན་ཀྱང་དུས་ད་ཆའི་བར་རིག་གནས་ཀྱི་རྒྱུན་མ་ཆད་པར་རྒྱུན་འཛིན་ལེགས་པར་ཐུབ་ཡོད་པ་རེད།
          བོད་ལྗོངས་རིག་གནས་ཡུལ་སྐོར་(ཚོགས་པ)མ་རྐང་ཚད་ཡོད་ཀུང་སིའི་ཏུང་ཧྲི་ཀྲང་ཟླ་བས་བརྗོད་པར་གཞིགས་ན། ཉེ་བའི་ལོ་ཤས་རིང་བོད་ཀྱིས་ནུས་ཤུགས་ཡོད་རྒུས་ལྷོ་ཁ་ས་ཁུལ་འཕྱོངས་རྒྱས་སྤུར་རྒྱལ་གྱི་རྒྱལ་ས་རྙིང་པའི་ཡུལ་སྐོར་ཁུལ་བཏོད་པ་དང་། སྤུར་རྒྱལ་རྟེན་རྫས་བཤམས་མཛོད་ཁང་གི་རྣམ་གྲངས་ནི་ཡུལ་སྐོར་ཁུལ་འཛུགས་སྐྲུན་གྱི་གལ་ཆེའི་རྣམ་གྲངས་ཤིག་རེད། ལོ་མང་པོ་འདས་པའི་དབང་གིས་ད་ལྟ་འགྲེམས་སྟོན་བྱེད་པའི་སྤུར་རྒྱལ་དུས་སྐབས་ཀྱི་རིག་དངོས་བལྟོས་བཅས་ཀྱིས་དཀོན་པའི་ཁར་དུས་མཚམས་ཆད་པ་སོགས་ཀྱི་སྣང་ཚུལ་མངོན་གསལ་དོད་པས་རིག་དངོས་བསྡུ་རུབ་ལས་དོན་སྤེལ་རྒྱུ་དེ་ནི་དགོས་གལ་ཧ་ཅང་ཆེན་པོ་ཞིག་རེད།
          ངོ་སྤྲོད་བྱས་པར་གཞིགས་ན། ད་ཐེངས་ཉར་ཚགས་རིག་དངོས་བསྡུ་ཉོ་བྱེད་པའི་དུས་ཚོད་ལ་ཚད་བཀག་མེད་པ་དང་གཙོ་བོ་རིན་ཡོད་འཚོལ་བསྡུ་དང་རིན་མེད་ཞལ་འདེབས་རྒྱག་པའི་བྱ་ཐབས་རིགས་གཉིས་སྤྱད་ཡོད་པ་དང་ཉར་ཚགས་རིག་དངོས་དེ་རིགས་ཀྱིས་སྤུར་རྒྱལ་དུས་སྐབས་ཀྱི་ཆབ་སྲིད་དང་། དམག་དོན། ཞིང་འབྲོག་ལས། ལག་ཤེས་བཟོ་ལས། ལྕགས་རིགས་བཙོ་སྦྱང། བོད་ལུགས་གསོ་རིག་གམ་ཡང་ན་གནམ་དཔྱད་སྐར་རྩིས་སོགས་ཐད་ཀྱི་ནང་དོན་མཚོན་དགོས་ཀྱི་ཡོད་པ་རེད།
          ཟླ་བས་མིག་སྔར་སྤུར་རྒྱལ་རྟེན་རྫས་བཤམས་མཛོད་ཁང་གི་འགྲེམས་ཁུལ་འཆར་འགོད་དང་འགྲེམས་སྟོན་རིག་དངོས་ཇུས་འགོད་སོགས་ཀྱི་ལས་དོན་སྤྱིར་ན་ལེགས་གྲུབ་ཟིན་ཡོད། ཉར་ཚགས་རིག་དངོས་བསྡུ་ཉོའི་ལས་དོན་རྒྱུན་ཆད་མེད་པར་སྤེལ་བ་དང་བསྟུན་ནས་ལོ་རྒྱུས་ཡུན་རིང་ལྡན་ལ་འོད་སྟོང་འཕྲོ་བའི་སྤུར་རྒྱལ་དུས་སྐབས་ཀྱི་རིག་གནས་ཐད་མཐོང་དང་ཁྱོན་ཡོངས་ཀྱི་རྣམ་པའི་ཐོག་ནས་མི་རྣམས་ཀྱི་མིག་མདུན་དུ་གཤོམ་རྒྱུའི་རེ་བ་ཡོད་ཅེས་བཤད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།