འཚོལ་བཤེར།   
藏文频道
2016ལོའི་ཟླ་1ཚེས་7ཉིན།
  • མི་དམངས་དྲ་བ།

    ༄༅།།འགན་ལེན་གསུམ་གྱི་སྲིད་ཇུས་བཟང་། དམངས་ཀྱི་སེམས་པ་བདེ་ལ་འཁོད། 

               —— “ལོ་ལྔ་ཚན་བཅུ་གཉིས་པའི”རིང་གི་བོད་ལྗོངས་ཀྱི་སློབ་གསོའི་ལས་དོན་སྐོར་བཀོད་པ། 

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 01ཚེས་06ཉིན། 14:06】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
         མི་དམངས་དྲ་བའི་འཕྲིན། “འགན་ལེན་གསུམ”ནི་རིན་མེད་འོས་འགན་སློབ་གསོ་དང་ལེན་བྱེད་པའི་རྨང་གཞིའི་ཐོག་ཞིང་འབྲོག་པའི་བུ་ཕྲུག་ཚོར་ཟ་སྡོད་དང་སློབ་སྦྱོང་གི་འགྲོ་གྲོན་འགན་ལེན་བྱེད་པའི་དམངས་ཕན་སྲིད་ཇུས་ཤིག་ཡིན། 1985ལོར་སྲིད་ཇུས་ལག་བསྟར་བྱས་ཚུན་ཁྱབ་རྒྱ་རྒྱུན་ཆད་མེད་པར་ཆེ་རུ་དང་ཁ་གསབ་ཚད་གཞི་རྒྱུན་ཆད་མེད་པར་མཐོ་རུ་ཕྱིན་ནས་ཕན་པ་ཐོབ་པའི་སློབ་མ་སྔར་བས་མང་དུ་ཕྱིན་ཡོད། འབྲེལ་ཡོད་གྲངས་གཞི་ལས་བསྡོམས་རྩིས་བྱས་པར་གཞིགས་ན། 2015ལོར་བོད་ཀྱིས་ལོ་ཧྲིལ་པོར་སྔོན་རྩིས་བྱས་ན“འགན་ལེན་གསུམ”གྱི་མ་དངུལ་སྒོར་དུང་ཕྱུར་15.5བཏང་བ་དེས་སློབ་མ་མི་ཐེངས་ཁྲི་52.54ལ་ཕན་པ་ཐོབ་ཡོད། “ཕྲུ་གུ་སློབ་གྲྭར་བསྐྱོད་སྐབས་སློབ་ཡོན་སྤྲོད་མི་དགོས་ལ་ལྟོ་ཆས་ལའང་རིན་སྤྲོད་མི་དགོས་པས་དེ་ཁྱིམ་ཚང་ཕྱུག་པོ་མེད་པའི་ང་ཚོའི་ངོས་ནས་བརྗོད་ན་འགྲོ་གྲོན་འབོར་ཆེན་ཞིག་གྲོན་ཆུང་ཐུབ་བྱུང”ཞེས“འགན་ལེན་གསུམ”སྲིད་ཇུས་ཀྱི་ཕན་པ་ཐོབ་མཁན་གྲས་ཤིག་ཡིན་པའི་ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་རྔ་ཆེན་ཤང་གི་ཞིང་པ་སྒྲོལ་དཀར་གྱིས་བཤད།
         “ལོ་ལྔ་ཚན་བཅུ་གཉིས་པའི”འཆར་འགོད་འགོ་འཛུགས་ལོར་བོད་ཀྱི་སློབ་གསོའི་ལས་དོན་གྱིས་སློབ་གསོ་དང་དམངས་འཚོའི་འགག་རྩའི་ཚིག་དེ་དམ་པོར་འཛིན་པ་དང་། སློབ་གསོའི་ལམ་སྲོལ་སྒྱུར་བཅོས་རྒྱུན་ཆད་མེད་པར་ཟབ་ཏུ་གཏོང་བ། བྱེད་ཐབས་ཁག་དོན་འཁྱོལ་དམ་འཛིན་བཅས་བྱས་ནས་བོད་ཀྱི་སློབ་གསོ་ཚན་རིག་དང་མཐུན་པ་དང་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་རྒྱུར་རྒྱུན་ཆད་མེད་པར་སྐུལ་འདེད་བཏང་ཡོད།
         2011ལོའི་ཟླ་1ཚེས་1ཉིན་ནས་བཟུང་བོད་ཀྱི་འོས་འགན་སློབ་གསོའི་དུས་མཚམས་ཀྱི“འགན་ལེན་གསུམ”སྲིད་ཇུས་ཀྱི་ཁྱབ་རྒྱ་ཞིང་འབྲོག་པའི་བུ་ཕྲུག་སློབ་གྲྭར་ཡོད་མུས་ཀྱི་སློབ་མ་ཚང་མར་ཁྱབ་པ་དང་དུས་མཚུངས་སྤྱིར་བཏང་མཐོ་རིམ་སློབ་འབྲིང་དང་འབྲིང་རིམ་ལས་རིགས་སློབ་གསོའི་དུས་མཚམས་ཀྱི་གཞུང་བཙུགས་སློབ་གྲྭ་དང་དེ་བཞིན་རང་སྐྱོང་ལྗོངས་སློབ་གསོ་སྲིད་འཛིན་གཙོ་གཉེར་སྡེ་ཚན་གྱིས་མཐོ་རིམ་སློབ་འབྲིང་དུས་མཚམས་ཀྱི་སློབ་གསོའི་ལས་འགན་འཁུར་རྒྱུར་དབང་ཆ་སྤྲད་ནས་མངགས་བཅོལ་བྱས་པའི་དམངས་བཙུགས་སློབ་གྲྭའི་སློབ་གྲྭར་ཡོད་མུས་ཀྱི་ཞིང་འབྲོག་པའི་བུ་ཕྲུག“འགན་ལེན་གསུམ”སྲིད་ཇུས་ལག་བསྟར་བྱེད་པའི་ཁྱབ་ཁོངས་ནང་བཅུག་པ་དང་། 2012ལོའི་དཔྱིད་དུས་སློབ་དུས་འགོ་བཙུགས་པ་ནས་བཟུང“འགན་ལེན་གསུམ”གྱི་ཚད་གཞིར་གཞིགས་ནས། བོད་ཀྱིས་གཞུང་ལམ་བདག་སྐྱོང་ལས་བཟོའི་བུ་ཕྲུག་ཚོར་སློབ་ཞུགས་གོང་ནས་མཐོ་རིམ་སློབ་འབྲིང་བར་གྱི་དུས་མཚམས་ཀྱི་སློབ་གསོ་དང་སློབ་གྲྭར་ཞུགས་པའི་ཁ་གསབ་སྲིད་ཇུས་ལག་བསྟར་བྱས་ཡོད།
         2012ལོའི་སྟོན་དུས་སློབ་དུས་འགོ་བཙུགས་པ་ནས་བཟུང་བོད་ཀྱིས་གྲོང་ཁྱེར་དང་གྲོང་རྡལ་གྱི་སློབ་ཞུགས་གོང་གི་ལོ་གསུམ་གྱི་རིན་མེད་སློབ་གསོའི་སྲིད་ཇུས་ལག་བསྟར་བྱས་ནས་ལོར་སློབ་མ་རེར་ཆ་སྙོམས་རིན་མེད་ཚད་གཞི་སྒོར་3600ཡིན་པ་དང་དེ་བར་བོད་ཀྱིས་རྒྱལ་ཡོངས་སུ་ཞིང་ཆེན་ས་ཁོངས་ཁྱབ་ཁོངས་ནང་གི་སློབ་ཞུགས་གོང་ནས་མཐོ་རིམ་སློབ་འབྲིང་བར་གྱི་ལོ་15ཡི་རིན་མེད་སློབ་གསོ་སྔོན་ལ་ལག་བསྟར་བྱས་ཡོད།
         དེ་དང་ཆབས་ཅིག་བོད་ཀྱི་སློབ་གྲྭ་འབྲིང་ཆུང་གི་སློབ་མའི་གཟུགས་གཞི་ལེགས་སུ་དང་སློབ་མའི་ཟ་འཐུང་སྤུས་ཚད་ལེགས་སུ་གཏོང་ཆེད་2012ལོར་བོད་ཀྱིས་སློབ་གསོའི་དོ་དམ་གསར་གཏོད་ཀྱིས་སློབ་གསོའི“འགན་ལེན་གསུམ་དང་འཚོ་བཅུད”ཟུང་དུ་འབྲེལ་བའི་བྱེད་སྟངས་གསར་པ་ཞིག་སྤེལ་ཡོད། 2012ལོའི་དཔྱིད་དུས་སློབ་དུས་འགོ་བཙུགས་པ་ནས་བཟུང་བོད་ཀྱིས་རྫོང་གྲོང་མན་(རྫོང་གྲོང་ཚུད་མེད་པ་)གྱི་འོས་འགན་སློབ་གསོའི་སློབ་གྲྭ་ཚང་མར་འོས་འགན་སློབ་གསོའི་སློབ་མའི་འཚོ་བཅུད་ལེགས་གཏོང་འཆར་གཞི་ཕྱོགས་ཡོངས་ནས་སྤེལ་བ་དང“འགན་ལེན་གསུམ་དང་འཚོ་བཅུད”ཟུང་དུ་འབྲེལ་བའི་ཟ་སྤྱོད་རྣམ་པ་ལག་བསྟར་བྱས་ནས་སློབ་མ་རེར་ཉིན་རེར་སྒོར་3གྱི་ལྟོ་ཆས་ཁ་གསབ་དངུལ་སྤྲད་པ་དང་ལོ་ཧྲིལ་པོར་ཉིན་200ལྟར་ཞིབ་བཤེར་གཏན་འབེབས་བྱེད་ཀྱི་ཡོད། ལྷག་པར་དུ་ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་སུ་ཚད་གཞི་དེ་སྒོར་5བར་མང་དུ་བཏང་ནས་ས་གནས་ནོར་སྲིད་ཀྱིས་ཁ་གསབ་སྤྲད་ཡོད། 2014ལོའི་ལོ་མཇུག་བར་འཚོ་བཅུད་ལེགས་གཏོང་འཆར་གཞིའི་ཚད་གཞི་ལོར་མི་རེར་ཆ་སྙོམས་སྒོར་800ཟིན་པ་དང་བོད་ཡོངས་སུ་འཚོ་བཅུད་ལེཌ་གཏོང་འཆར་གཞིའི་ཆེད་དོན་མ་དངུལ་སྒོར་དུང་ཕྱུར་2.33སྤྲད་ནས་སློབ་མ་མི་ཐེངས་ཁྲི་38ལ་ཕན་པ་ཐོབ་པ་དང་སྲིད་ཇུས་དང་མ་དངུལ་ཁྱབ་ཚད་100%ཟིན་ཡོད།
         “འགན་ལེན་གསུམ”གྱི་སྲིད་ཇུས་དང་འདྲ་བར་བོད་ཀྱི་སློབ་གསོའི་འཕེལ་རྒྱས་དང་སྲིད་གཞུང་གི་མ་དངུལ་གཏོང་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་པ་དང་སྦྲགས“ལོ་ལྔ་ཚན་བཅུ་གཉིས་པའི”རིང་བོད་ཀྱི་རིམ་ཁག་དང་རིགས་ཁག་གི་སློབ་གསོའི་མ་དངུལ་མ་ལག་ཀྱང་རྒྱུན་ཆད་མེད་པར་འཐུས་ཚང་དུ་ཕྱིན་ཡོད། 2012ལོར་བོད་རང་སྐྱོང་ལྗོངས་ཀྱིས་ཁྱིམ་ཚང་གི་དཔལ་འབྱོར་ཐད་དཀའ་ངལ་ཡོད་པའི་ཉིན་གང་ལམ་ལུགས་ཀྱི་རབ་འབྱམས་པ་དང་འབུམ་རམས་པའི་ཞིབ་འཇུག་སློབ་མའི་ཁ་གསབ་སྲིད་ཇུས་ཞིབ་འཇུག་བྱས་ནས་བཏོན་པ་དང་ལོར་ཁ་གསབ་ཚད་གཞི་སྒོར་5000ཡིན་ཞིང་། མིག་སྔར་བོད་ཡོངས་སུ་རིམ་རྩིས་བྱས་ན་ཁ་གསབ་སྲིད་ཇུས་(རྒྱལ་ཁབ་རིགས་ཀྱི་སྲིད་ཇུས་ཚུད་པ་)དང་རྣམ་གྲངས་ཁག་37བཏོན་ནས་སློབ་ཞུགས་གོང་གི་སློབ་གསོ་ནས་ཞིབ་འཇུག་སློབ་མའི་བར་ཚུད་པའི་དུས་མཚམས་ཀྱི་སློབ་མའི་ཁ་གསབ་སྲིད་ཇུས་མ་ལག་བཙུགས་ཡོད།
         དེ་དང་ཆབས་ཅིག“ལོ་ལྔ་ཚན་བཅུ་གཉིས་པའི”རིང་བོད་ཀྱི་སློབ་གསོ་དང་ཆ་འཕྲིན་ཅན་གྱི་རྣམ་གྲངས་འཛུགས་སྐྲུན་མགྱོགས་མྱུར་སྤེལ་ཞིང་། འབྲེལ་ཡོད་གྲངས་གཞི་ལྟར་ན། 2015ལོར་བོད་ཡོངས་སུ་སྒོར་དུང་ཕྱུར་1.9བཏང་ནས་རྨང་གཞིའི་སློབ་གསོའི་ཆ་འཕྲིན་ཅན་གྱི་ཚོད་ལྟའི་འདུ་འགོད་ལག་བསྟར་བྱས་པ་དང་། 2015ལོར་སློབ་གསོ་ཆ་འཕྲིན་ཅན་སོགས་ཀྱི་ཞན་ཆའི་རྣམ་གྲངས་སྒྱུར་བཅོས་བྱས་ནས་ཕན་ཚུན་སྤེལ་རེས་དང་མཐུན་སྦྱོར་རྣམ་པའི་སློབ་ཁྲིད་ཀྱི་མཐའ་སྣེའི་སློབ་ཁང་2280ལྷག་ཙམ་དང་། རྩིས་རྒྱག་འཕྲུལ་འཁོར་དྲ་རྒྱའི་སློབ་ཁང་80 རྦད་དེ་རང་འགུལ་རྣམ་པའི་སྒྲ་བརྙན་ཕབ་གཏོང་སློབ་ཁང་14བཅས་བསྐྲུན་ནས་མི་ཐེངས་ཁྲི་2.53ལ་རིགས་ཁག་གི་ཆ་འཕྲིན་ཅན་གྱི་གསོ་སྦྱོང་བྱས་པ་རེད། 
      

    ཕྱོགས་བསྡུས་གསར་འགྱུར།