འཚོལ་བཤེར།   
藏文频道
2015ལོའི་ཟླ་12ཚེས་10ཉིན།
  • མི་དམངས་དྲ་བ།

    ༄༅།།ཕ་རི་སིར་ཀྲུང་གོའི་སྣོད་བཅུད་འཛུགས་སྐྱོང་ཐད་ཀྱི་དངོས་སྒྲུབ་སྤྱོད་ཚུལ་ཉམས་སུ་མྱོང་བ།

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 12ཚེས་10ཉིན། 14:39】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
         མི་དམངས་དྲ་བའི་འཕྲིན། “སི་ཀྲང་གཞོན་པ་ཅང་ལགས་ཀྱིས་ལོ་རེའམ་ཡང་ན་ལོ་གཉིས་རེར་ང་ཚོར་ཚོད་སྐོར་ཐེངས་རེ་གནང་ནས་ལས་ཀ་བྱེད་སྟངས་ཡག་པོ་བྱུང་རིགས་མུ་མཐུད་སྐུལ་སྤེལ་གཏོང་བ་དང་། ཡག་པོ་མ་བྱུང་བའི་རིགས་ལ་ཐ་ཚིག་བསྒྲགས་པས། ཧྲི་ཀྲང་སུས་བྱས་ཀྱང་སྣོད་བཅུད་འཛུགས་སྐྱོང་བྱ་རྒྱུ་མཐའ་འཁྱོངས་གནང་གི་ཡོད”
         ཚེས་7ཉིན་གྱི་སྔ་དྲོར་ཕ་རི་སིའི་གནམ་གཤིས་འགྱུར་ལྡོག་ཚོགས་ཆེན་གྱི“ཀྲུང་གོའི་གྲུ་ཟུར”ཕྱོགས་ཚོགས་འདུའི་བྱེད་སྒོའི་ཐོག་ཀྲུང་གོའི་ཀྲེན་ཅང་གྲོང་ཁྱེར་གྱི་ཧྲི་ཀྲང་ཀྲུའུ་ཞའོ་མིང་གིས་སྐུ་མགྲོན་གྱི་བགྲོ་གླེང་བྱེད་རིང་ཀྲུང་གོའི་རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན་གནམ་གཤིས་སིའི་སི་ཀྲང་གཞོན་པ་ཅང་ཀྲའོ་ལི་ལ་དངོས་སྒྲུབ་ཀྱི་གྲོས་འགོ་ཞིག་བཏོན་པ་རེད།
         ཀྲུའུ་ཞའོ་མིང་གིས་གྲོས་འགོ་མ་བཏོན་གོང་ཅང་ཀྲའོ་ལིས་ཀྱང“ཀྲེན་ཅང་འདྲ་བའི་གྲོང་ཁྱེར་གྱིས་ཐཱན་ཉུང་གཏོང་བར་ཀྲུང་དབྱང་ནས་རྒྱབ་སྐྱོར་ཇི་འདྲ་ཐོབ་རྒྱུའི་རེ་བ་བྱེད་ཀྱི་ཡོད”ཅེས་དྲིས།
         དེ་ལྟའི་དྲི་བ་བཏོན་པ་དག་ནི་ཀྲེན་ཅང་གི་སྣོད་བཅུད་འཛུགས་སྐྱོང་གི་ཉམས་མྱོང་ངོ་སྤྲོད་བྱ་རྒྱུ་བརྗོད་དོན་གཙོ་བོར་བྱེད་པའི་བྱེད་སྒོའི་ཐོག་གི་གནས་ཚུལ་ཞིག་ཡིན་པས་མགོ་ནས་མཇུག་བར་ཚང་མར་དངོས་སྒྲུབ་དོན་གཉེར་གྱི་རྣམ་པ་ཇི་བཞིན་མངོན་ཡོད། ཚོགས་འདུའི་ཐོག་གསར་འགོད་པར་ཞིབ་ཚགས་པའི་གྲངས་གཞི་དང་། དོན་དམ་པའི་ཚོར་སྣང་། དོན་དངོས་ཀྱི་བསམ་གཞིག་བྱ་ཚུལ་ལས་ཁ་མཁས་ཚིག་སྙན་དང་སྐད་ཆ་སྟོང་པ་ཐོས་རྒྱུ་མེད།
         འཆར་གཞིའི་སྐོར་ལ“2020ལོར་སླེབས་སྐབས་ང་ཚོའི་སྣོད་བཅུད་དང་ཞིང་ལས་ཀྱི་བར་མཐོངས་75%ཡན་རྒྱུན་སྐྱོང་རྒྱུ་དང་། སྔོན་མ་འབྲི་ཆུའི་ལྷོ་རྒྱུད་ནི“‘གྲོང་ཚོ་ཚང་མས་མེ་ཁ་གསོ། གང་ས་གང་ནས་དུ་ནག་འཕྱུར’ནས་ཐོན་ལས་དེ་ཙམ་གཅིག་སྡུད་ཆེན་པོ་མེད། ད་ཆ་ང་ཚོས་ཁེ་ལས་གཅིག་སྡུད་བཀོད་སྒྲིག་ལ་སྐུལ་མ་བཏང་ནས་2020ལོར་སླེབས་སྐབས་རིགས་གསུམ་པོའི་གླིང་ཁུལ་ཐོན་ལས་གཅིག་སྡུད་བྱེད་ཚད་80%དང་། 70% 60%བཅས་སོ་སོར་ཟིན་པ་བྱ་རྒྱུ་ཡིན”ཞེས་གླེང་།
         ལག་ལེན་སྐོར་ལ། “2013ལོ་ནས་བཟུང་ང་ཚོས་སྤྱི་སྤྱོད་རྐང་འཁོར་10700སྤྲད་པར་ཆ་སྙོམས་ཉིན་ལྟར་མི་ཐེངས་ཁྲི་5ཡིས་སྤྱོད་པ་དེས་དབྱང་གཉིས་ཐན་འགྱུར་ཏུན་12260འབུད་རྒྱུ་ཉུང་དུ་གཏོང་ཐུབ་པ་བྱུང་བ་དང་། ཉེ་བའི་ལོ་གསུམ་ནང‘ཆུང་བ་ལྔའི’ཁེ་ལས་285སྒོ་བརྒྱབ་ནས་རྫས་འགྱུར་བཟོ་ལས་ཐོན་ལས་གླིང་ཁུལ་དུ་གཅིག་སྡུད་ཐུབ་ཚད་75%ཟིན་ཡོད”ཅེས་བཤད།
         བསམ་གཞིག་བྱས་ཚུལ་སྐོར་ལ། “དཀའ་ལས་ཆེ་ཤོས་ནི་ལག་རྩལ་ཡིན། ང་ཚོའི་ལག་རྩལ་མང་པོ་ཞིག་བྱང་ཆུབ་པོ་མེད་པས་ཐོན་ཟོག་ཁག་གཅིག་ཐོན་སྐྱེད་བྱེད་པའི་མ་གནས་མཐོ་བས་ཁེ་ལས་ཀྱིས་ཇི་ལྟར་བྱས་ནས་མ་གནས་ཆུང་དུ་གཏོང་ཐུབ་པ་བྱས་ནས་མི་སེར་མང་པོར་ཐཱན་ཉུང་ཐོན་ཟོག་ལོངས་སུ་སྤྱོད་རྒྱུ་ཡོང་བ་བྱ་རྒྱུ་ནི་འབད་བརྩོན་བྱ་ཡུལ་ཞིག་ཏུ་གྱུར་ཡོད”ཅེས་བརྗོད།
         གྲུབ་འབྲས་གླེང་སྐབས་ཁ་ཡོད་ལག་ཡོད་ཀྱི་གཞི་འཛིན་ས་ཡོད་པ་དང་། གནད་དོན་གླེང་སྐབས་ཁ་གསལ་གཏིང་གསལ་ཡིན་པ། ཐབས་ཤེས་གླེང་སྐབས་གྲོས་འགྲོར་དགའ་བསུ་ཞུས་པས། ཕ་རི་སིའི་གནམ་གཤིས་འགྱུར་ལྡོག་ཚོགས་ཆེན་འདི་ལྟའི་རྒྱལ་སྤྱིའི་གར་སྟེགས་ཐོག་དེ་ལྟའི་བྱེད་སྟངས་དག་ལས་ཀྲུང་གོས་སྣོད་བཅུད་འཛུགས་སྐྱོང་བྱེད་པར་དངོས་སྒྲུབ་ཀྱི་སྤྱོད་ཚུལ་བསྐྱངས་པའི་ཚོར་སྣང་སྦྱིན་པས་ངམ་ངམ་ཤུགས་ཀྱིས་ཀྲུང་གོ་ཉིད་གནམ་གཤིས་འགྱུར་ལྡོག་ལ་ཁ་གཏད་ཧུར་ཐག་གཅོག་པའི་མིང་བྱང་ལེགས་པོ་ཞིག་ཏུ་གྱུར་ཡོད།
         བྱེད་སྒོ་ཧྲིལ་པོར་ཞུགས་པའི་འཛམ་གླིང་རང་བྱུང་ཐེབས་རྩ་ལྷན་ཚོགས་ཀྱི་གོ་ལ་ཧྲིལ་པོའི་གནམ་གཤིས་དང་ནུས་ཁུངས་རྣམ་གྲངས་ཀྱི་འགན་ཁུར་བ་ས་མན་ཧྲ·ཧྲི་སྨི་སིས་གདེང་འཇོག་འདི་ལྟར་བྱས་པ་སྟེ། “ཀྲུང་གོས་གྲུབ་འབྲས་ལྡན་པའི་ངང་སྣོད་བཅུད་བཟང་བའི་གྲོང་ཁྱེར་བསྐྲུན་རྒྱུར་སྐུལ་མ་གཏོང་བཞིན་ཡོད། ཀྲེན་ཅང་གི་ཉམས་མྱོང་དེ་གོ་ལ་ཧྲིལ་པོའི་རྒྱལ་ཁབ་གཞན་དག་གིས་དཔེ་ལྟ་ཡུལ་དང་སློབ་སྦྱོང་བྱ་ཡུལ་དུ་གྱུར་པས། འཛམ་གླིང་ཡོངས་ལ་ཀྲེན་ཅང་དང་འདྲ་བའི་མཛེས་སྡུག་ལྡན་པའི་གྲོང་ཁྱེར་ཇེ་མང་དུ་ཐོན་རྒྱུའི་རེ་བ་ཡོད”
      

    ཕྱོགས་བསྡུས་གསར་འགྱུར།