འཚོལ་བཤེར།   
藏文频道
2015ལོའི་ཟླ་9ཚེས་16ཉིན།
  • མི་དམངས་དྲ་བ།

    ༄༅།།2020ལོར་སླེབས་སྐབས་བོད་ཀྱི་གྲོང་གསེབ་ཀྱི་གཅིག་སྡུད་རྣམ་པའི་ཆུ་མཁོ་
    འདོན་ལས་གྲྭས་མི་འབོར་80%ལ་ཕན་ཐོགས་རྒྱུ་ཡིན་པ།

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 09ཚེས་16ཉིན། 10:18】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། “ལོ་ལྔ་ཚན་བཅུ་གཉིས་པའི”རིང་ཆུ་བེད་བོད་སྐྱོར་ལ་ཀུན་གྱིས་དོ་སྣང་བྱེད་རིན་ཡོད་པའི་གྲུབ་འབྲས་ཐོབ་ཡོད། “ལོ་ལྔ་ཚན་བཅུ་གསུམ་པའི”རིང་ཆུ་བེད་བོད་སྐྱོར་ལས་དོན་སྤེལ་ཤུགས་སྔར་བས་ཆེ་རུ་བཏང་ཐོག དམངས་འཚོ་ལེགས་བཅོས་ལྟེ་བ་དང་། སྣོད་བཅུད་སྲུང་སྐྱོང་སྔོན་འགྲོར་བཟུང་ནས་ཆུ་བེད་ཀྱི་རྨང་གཞིའི་སྒྲིག་བཀོད་སྐྲུན་མགྱོགས་སུ་བཏང་བའི་ཁར། ཆུ་བེད་ཀྱི་གཞི་རྩའི་སྤྱི་པའི་ཞབས་ཞུར་སྐུལ་འདེད་ཤུགས་ཆེན་བཏང་ནས། བོད་ཀྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་དང་ཡུན་རིང་བདེ་འཁོད་ལ་སྔར་བས་བརྟན་པའི་ཆུ་བེད་ཀྱི་འདེགས་སྐྱོར་དང་འགན་ལེན་མཁོ་འདོན་བྱ་རྒྱུ་ཡིན་པ་རེད།
         ཚེས་13ཉིན་ལྷ་སར་འཚོགས་པའི་ཆུ་བེད་པུའི་བོད་སྐྱོར་ལས་དོན་ཚོགས་འདུ་ཐེངས་བདུན་པར། ཆུ་བེད་པུའི་པུའུ་ཀྲང་ཁྲེན་ལེས“ལོ་ལྔ་ཚན་བཅུ་གསུམ་པའི”རིང་ནི་བོད་ཀྱི་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་མངོན་འགྱུར་བྱེད་པའི་འགག་རྩའི་ལོ་ཡིན་པ་མ་ཟད། ད་དུང་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པའི་ཐག་གཅོད་རང་བཞིན་གྱི་དུས་མཚམས་ཤིག་ཀྱང་རེད། བོད་དུ་ལས་གྲྭའི་རང་བཞིན་གྱི་ཆུ་དཀོན་པ་དང་། འཐུང་ཆུ་དཀོན་པ། “གནམ་ཆུ་བསྒུགས་ནས་འཚོ་བ་སྐྱེལ་བ”སོགས་ཀྱི་གནད་དོན་སྔར་བཞིན་ཡོད་པས། བོད་ཀྱི་རྒྱ་ཆེའི་ཞིང་འབྲོག་པ་ཚོས་དོ་སྣང་ཆེ་ཤོས་བྱེད་པའི་འཐུང་ཆུ་དང་། ཞིང་ཆུ། འབྲུབ་འགོག་སོགས་ཀྱི་གནད་དོན་ངེས་པར་ཏུ་མགྱོགས་མྱུར་ཐག་གཅོད་བྱེད་དགོས། བོད་ནི་རང་རྒྱལ་གྱི་གཙང་པོ་ཆེན་པོ་དག་གི་འབྱུང་ཁུངས་དང་ཆུའི་ཐོན་ཁུངས་བསྐྱིལ་གསོག་ཁུལ་དང་རྒྱལ་ཁབ་ཀྱི་སྣོད་བཅུད་བདེ་འཇགས་སྲུང་ཡོལ་གལ་ཆེན་ཡིན་པས། ངེས་པར་དུ་འཐབ་ཇུས་དང་སྤྱི་ཡོངས་ཀྱི་མཐོ་ཚད་ནས་ཆུའི་ཐོན་ཁུངས་གསར་སྤེལ་དང་གྲོན་ཆུང་སྲུང་སྐྱོང་བར་གྱི་འབྲེལ་བ་ཐག་གཅོད་ཡང་དག་པར་བྱས་ཏེ། བོད་ཀྱི་ཆུའི་སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་ལ་ཁྱོན་ཡོངས་ནས་ཤུགས་སྣོན་རྒྱག་དགོས་ཞེས་གསུངས་པ་རེད།
         ཤེས་རྟོགས་བྱུང་བར་གཞིགས་ན། “ལོ་ལྔ་ཚན་བཅུ་གསུམ་པའི”རིང་རང་རྒྱལ་གྱིས་ཆུ་བེད་བོད་སྐྱོར་བྱེད་ཐབས་རབ་དང་རིམ་པ་སྤྱད་དེ། 2020ལོར་སླེབས་སྐབས་གཤམ་གྱི་དམིགས་ཚད་འགའ་མངོན་འགྱུར་བྱ་རྒྱུ་ཡིན་པ་སྟེ།
         ཆུ་གྲོན་ཆུང་དང་མཁོ་འདོན་ནུས་པ་ཆེ་རུ་བཏང་བའི་ཁར་ཆུ་མཁོ་འདོན་ནུས་པ་གསར་པ་བསྣན་ནས། གྲོང་གསེབ་ཀྱི་གཅིག་སྡུད་རྣམ་པའི་ཆུ་མཁོ་འདོན་ལས་གྲྭས་མི་འབོར་80%ཡན་ལ་ཕན་ཐོགས་པ་བྱ་རྒྱུ་དང་། གྲོང་གསེབ་ཀྱི་ཆུ་བེད་འཛུགས་སྐྲུན་མགྱོགས་མྱུར་འཕེལ་རྒྱས་བཏང་ནས་ནུས་ལྡན་གྱི་ཞིང་ཆུ་འདྲེན་ཁྱོན་མུའུ་ཁྲི་50མང་དུ་གཏོང་རྒྱུ་དང་། ཞིང་ཆུ་འདྲེན་ཁྱོན་མུའུ་ཁྲི་70ལེགས་སུ་གཏོང་རྒྱུ། གཟན་ཆག་འདེབས་ཁྱོན་མུའུ་ཁྲི་45འཕེལ་རྒྱས་གཏོང་རྒྱུ། མུའུ་ཁྲི་8ལེགས་སུ་གཏོང་རྒྱུ། གྲོང་གསེབ་ཀྱི་ཆུ་ཤུགས་གློག་འདོན་ཚད་ཆན་ཝ་ཁྲི་10མང་དུ་གཏོང་རྒྱུ་བཅས་དང་། གནོད་འཚེ་སྔོན་འགོག་དང་ཉུང་གཏོང་གི་ཆུ་ཚད་མཐོ་རུ་བཏང་ནས་ལྷ་ས་གྲོང་ཁྱེར་གྱི་འབྲུབ་འགོག་ཆུ་ཚད་ལོ་100རིང་གི་ཆུ་ལོག་ཆེ་ཤོས་འགོག་ཐུབ་པ་དང་། གཞིས་རྩེ་གྲོང་ཁྱེར་དང་། ཉིང་ཁྲི་གྲོང་ཁྱེར། ཆབ་མདོ་གྲོང་ཁྱེར་བཅས་ཀྱི་འབྲུབ་འགོག་ཆུ་ཚད་ལོ་50རིང་གི་ཆུ་ལོག་ཆེ་ཤོས་འགོག་ཐུབ་པ། རྫོང་རིམ་པའི་གྲོང་ཁྱེར་དང་གྲོང་རྡལ་གྱི་འབྲུབ་འགོག་ཆུ་ཚད་ལོ་30རིང་གི་ཆུ་ལོག་ཆེ་ཤོས་འགོག་ཐུབ་པ། ཤང་དང་གྲོང་རྡལ་གལ་ཆེན་གྱི་འབྲུབ་འགོག་ཆུ་ཚད་ལོ་20རིང་གི་ཆུ་ལོག་ཆེ་ཤོས་འགོག་ཐུབ་པ་བཅས་ཀྱི་ཚད་གཞི་ལོན་པར་བྱ་རྒྱུ། ཆུ་རུད་དང་འཁྱག་མཚོའི་གནོད་འཚེའི་གཙོ་གནད་འཇིགས་སྐུལ་ཁྱབ་ཁོངས་ཀྱི་ལྟ་དཔྱད་ཚད་ལེན་ཉེན་བརྡའི་མ་ལག་གཞི་རྩའི་ཆ་ནས་བཙུགས་ཏེ། གནོད་འཚེ་སྔོན་འགོག་དང་ཉུང་གཏོང་མ་ལག་སྔར་བས་འཐུས་ཚང་དུ་གཏོང་རྒྱུ། ས་མཐོའི་གཙང་པོ་དང་མཚོ་མོའི་སྣོད་བཅུད་ལ་སྲུང་སྐྱོང་ནུས་ལྡན་བྱས་ནས། ས་ཆུ་ཤོར་སྐྱོན་ཕྱོགས་བསྡུས་བཅོས་སྒྲིག་རྒྱ་ཁྱོན་སྤྱི་ལེ་ངོས་གྲུ་1000མང་དུ་གཏོང་རྒྱུ། རྫོང་གྲོང་ཡན་གྱི་གྲོང་ཁྱེར་དང་གྲོང་རྡལ་གྱི་གཅིག་སྡུད་རྣམ་པའི་འཐུང་ཆུའི་ཆུ་འགོའི་ཆུ་སྤུས་ཚད་གཞི་ལོན་ཚད་100%ཟིན་པར་བྱ་རྒྱུ། གཙང་པོའི་ཆུའི་ཕན་ནུས་ཁུལ་གལ་ཆེན་གྱི་ཆུ་སྤུས་ཚད་གཞི་ལོན་ཚད་95%ཡན་ཟིན་པར་བྱ་རྒྱུ་བཅས་རེད།
         “ལོ་ལྔ་ཚན་བཅུ་གསུམ་པའི”རིང་ཆུ་བེད་པུས་བོད་ལ་གཙོ་ཆེའི་ལས་གྲྭ་འཛུགས་སྐྲུན་ལ་སྐུལ་འདེད་དང་། དམངས་འཚོའི་ཆུ་བེད་སྐྲུན་མགྱོགས་སུ་གཏོང་བ། གྲོན་ཆུང་དོ་དམ་སྲུང་སྐྱོང་བཅས་བྱེད་ཤུགས་ཆེ་རུ་གཏོང་བ། ཆུ་བེད་སྒྱུར་བཅོས་གསར་གཏོད་ཟབ་ཏུ་གཏོང་བ་སོགས་གཙོ་གནད་ལས་དོན་ལྔ་སྤེལ་རོགས་བྱ་རྒྱུ་ཡིན་པ་རེད།
         ཤེས་རྟོགས་བྱུང་བ་བརྒྱུད། “ལོ་ལྔ་ཚན་བཅུ་གཉིས་པའི”རིང་ཆུ་བེད་བོད་སྐྱོར་ལ་གྲུབ་འབྲས་གཡུར་དུ་ཟ་བ་ཐོབ་ཡོད། དེའི་རིང་རྒྱལ་ཡོངས་ཆུ་བེད་ཁོངས་གཏོགས་ཀྱིས་ཀྲུང་དབྱང་གིས་བོད་ཀྱི་ཆུ་བེད་ལ་བཟོས་གནང་བའི་དམིགས་བསལ་རྒྱབ་སྐྱོར་སྲིད་ཇུས་དོན་འཁྱོལ་ནན་ཏན་བྱས་ནས། ཆུ་བེད་བོད་སྐྱོར་ལས་དོན་ཁྱོན་ཡོངས་ནས་སྤེལ་བས། སྔོན་དཔག་བྱས་ན་འདི་ལོའི་ལོ་མཇུག་ཏུ་མ་དངུལ་བསྡོམས་འབོར་སྒོར་དུང་ཕྱུར་228དོན་འཁྱོལ་བྱས་ནས“ལོ་ལྔ་ཚན་བཅུ་གཉིས་པའི”ཆུ་བེད་བོད་སྐྱོར་འཆར་འགོད་དམིགས་ཚད་ཚད་ལས་བརྒལ་བའི་སྒོ་ནས་ལེགས་སྒྲུབ་ཐུབ་རྒྱུ་ཡིན་པ་དེ། “ལོ་ལྔ་ཚན་བཅུ་གཅིག་པའི”ལྡབ་3.26དང“ལོ་ལྔ་ཚན་བཅུ་པའི”ལྡབ་4.59ཟིན་ནས། བོད་ཀྱི་ཆུ་བེད་འཕེལ་རྒྱས་ལོ་རྒྱུས་ཐོག་གི་མ་དངུལ་གཏོང་ཚད་མང་ཤོས་དང་། འཛུགས་སྐྲུན་ཕན་འབྲས་ཆེ་ཤོས། ལས་རིགས་ནུས་པ་གོང་མཐོར་འགྲོ་མགྱོགས་ཤོས། ཞིང་འབྲོག་མང་ཚོགས་ལ་ཕན་ཐོགས་མང་ཤོས་བཅས་ཀྱི་ལོ་ལྔ་ཚན་ཞིག་རེད།
      

    ཕྱོགས་བསྡུས་གསར་འགྱུར།