འཚོལ་བཤེར།   
藏文频道
2015ལོའི་ཟླ་8ཚེས་22ཉིན།
  • མི་དམངས་དྲ་བ།

    ༄༅།།ཐེན་ཅིན་གྲུ་ཁའི“8·12”རུའེ་ཧའེ་ཀུང་སིའི་ཉེན་ཆེའི་དངོས་རྫས་མཛོད་ཁང་དུ་
    མེ་སྐྱོན་དང་འབར་གས་དོན་རྐྱེན་ཧ་ཅང་ཚབས་ཆེན་གྱི་རོགས་སྐྱོབ་ཐག་གཅོད་
    དང་རྒྱལ་ཡོངས་ཀྱི་བདེ་འཇགས་ཐོན་སྐྱེད་ལས་དོན་ལེགས་པར་བསྒྲུབ་
    རྒྱུའི་ཐད་བཀོད་སྒྲིག་ཡང་བསྐྱར་གནང་བ།

    ལི་ཁེ་ཆང་གིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་ཚོགས་འདུ་གཙོ་སྐྱོང་གནང་བ།

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 08ཚེས་22ཉིན། 14:19】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
         མི་དམངས་དྲ་བའི་འཕྲིན། ཉེ་ཆར་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་གིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་ཚོགས་འདུ་གཙོ་སྐྱོང་གནང་ནས་ཐེན་ཅིན་གྲུ་ཁའི“8·12”རུའེ་ཧའེ་ཀུང་སིའི་ཉེན་ཆེའི་དངོས་རྫས་མཛོད་ཁང་དུ་མེ་སྐྱོན་དང་འབར་གས་དོན་རྐྱེན་ཧ་ཅང་ཚབས་ཆེན་གྱི་རོགས་སྐྱོབ་ཐག་གཅོད་ལས་དོན་སྔར་བས་ལེགས་པར་སྒྲུབ་དགོས་པ་དང་རྒྱལ་ཡོངས་ཀྱི་བདེ་འཇགས་ཐོན་སྐྱེད་ལས་དོན་ལ་ཤུགས་སྣོན་རྒྱག་དགོས་པའི་བླང་བྱ་བཏོན་གནང་བ་རེད།
         ཚོཌ་འདུའི་ཐོག་ད་ཐེངས་ཀྱི་ཐེན་ཅིན་གྲུ་ཁའི“8·12”རུའེ་ཧའེ་ཀུང་སིའི་ཉེན་ཆེའི་དངོས་རྫས་མཛོད་ཁང་དུ་མེ་སྐྱོན་དང་འབར་གས་དོན་རྐྱེན་ཧ་ཅང་ཚབས་ཆེན་ཐོན་པ་དེས་མི་སྣ་ཤི་རྨས་དང་རྒྱུ་ནོར་ལ་གྱོང་གུན་ཚབས་ཆེན་བཟོས་པ་མ་ཟད། སྤྱི་པའི་བདེ་འཇགས་ལ་ཡང་ཉེན་ཁ་འཕྲད་ཡོད་པ་རེད། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐབས་ཇུས་བཀོད་སྒྲིག་ལྟར་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་འཕྲལ་དུ་ལས་དོན་ཚོགས་ཚུང་མངགས་ནས་རོགས་སྐྱོབ་ཐག་གཅོད་ལས་དོན་ལ་མཛུབ་ཁྲིད་བྱེད་དུ་བཅུག་པ་དང་། ཐེན་ཅིན་གྲོང་ཁྱེར་དང་འབྲེལ་ཡོད་སྡེ་ཚན་དང་། བཅིངས་འགྲོལ་དམག དྲག་ཆས་ཉེན་རྟོག་དཔུང་སྡེ་སོགས་ཀྱིས་མྱུར་དུ་བྱ་སྤྱོད་སྤེལ་བ་དང་གཞོགས་འདེགས་དམ་ཟབ་བྱས་པ་མ་ཟད། ལྷག་པར་དུ་མེ་ཟོན་མི་སྣས་དཔའ་ངར་ཆེར་སྐྱེད་ངང་ཉེན་སེལ་བྱས་ཏེ་རང་སྲོག་བློས་བཏང་ཡོད། ཕྱོགས་ཁག་གི་འབད་བརྩོན་འོག་མིག་སྔར་དོན་རྐྱེན་གྱི་རོགས་སྐྱོབ་དང་འཕྲལ་སྡོམ་ཐག་གཅོད་ལ་དུས་མཚམས་རང་བཞིན་གྱི་ཕན་འབྲས་ཐོན་ཡོད་ཅེས་མཛུབ་སྟོན་གནང་བ་རེད།
         ཚོགས་འདུའི་ཐོག་མིག་སྔར་དོན་རྐྱེན་གྱི་རོགས་སྐྱོབ་ཐག་གཅོད་ལས་དོན་སྔར་བཞིན་འགག་རྩའི་དུས་མཚམས་སུ་གནས་པ་དང་གོམ་སྟབས་རྗེས་མའི་རྗེས་འཇུག་ལས་ཀ་ཧ་ཅང་རྙོག་འཛིང་དང་དཀའ་ཚེགས་ཆེ་བ་ཞིག་ཡོད་པས་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ལས་ཚོགས་འདུའི་བླང་བྱ་ལྟར་མི་དམངས་མང་ཚོགས་ལ་ཚད་མཐོའི་འགན་འཁུར་བའི་རྣམ་འགྱུར་གྱི་ཐོག་ནས་གཤམ་གྱི་གཙོ་གནད་ལ་དམ་འཛིན་བྱེད་དགོས་པ་སྟེ། གཅིག་ནས་ཚེ་སྲོག་ཨང་དང་པོར་འཇོག་རྒྱུ་མཐའ་འཁྱོངས་བྱས་ནས་མུ་མཐུད་ནུས་ཤུགས་ཡོད་རྒུས་གར་སོང་ཆ་མེད་དུ་གྱུར་པའི་མི་སྣ་འཚོལ་སྐྱོབ་དང་དུས་ཚོད་དམ་འཛིན་བྱས་ཏེ་གར་སོང་ཆ་མེད་དུ་གྱུར་བའི་མི་སྣ་དང་རྐྱེན་ལམ་དུ་ཤོར་བའི་མི་སྣ་གཙང་བཤེར་བྱེད་དགོས། ཕྱོགས་ཁག་གི་སྟོབས་ཤུགས་གཅིག་སྡུད་ཀྱིས་རྨས་མ་དང་ལྷག་པར་དུ་རྨས་སྐྱོན་ཚབས་ཆེན་ཕོག་པའི་རྨས་མ་སྐྱོབ་བཅོས་ཡག་པོ་བྱས་ཏེ་ཁོང་ཚོ་སྔ་ཙམ་དྲག་སྐྱེད་ཡོང་བ་བྱེད་དགོས་པ་དང་། གཉིས་ནས་ཆེས་སྔོན་ཐོན་གྱི་སྒྲིག་ཆས་དང་ཆེད་ལས་ཀྱི་སྟོབས་ཤུགས་ཆེ་ཤོས་སྤྱད་དེ་དུག་ལྡན་དང་གནོད་ལྡན་དངོས་པོ་འཚོལ་བའི་ཁྱབ་ཁོངས་ཆེ་རུ་བཏང་ནས་ཚན་རིག་དང་མཐུན་པའི་ངང་ཉེན་ཆེའི་དངོས་རྫས་ཐག་གཅོད་བྱ་རྒྱུར་དམ་འཛིན་བྱེད་པ་དང་། ཉེ་འཁོར་གྱི་སྐྲུན་དངོས་ལ་གཅིག་གྱུར་ཐོག་བདེ་འཇགས་ཚོད་སྐོར་དང་ཁང་པའི་ནང་ཁུལ་དུ་གཙང་སེལ་དང་ལྟ་ཞིབ་ཚད་ལེན་བྱེད་པ། མཁའ་རླུང་དང་། ཆུ། ས་རྒྱུ་སོགས་ཀྱི་ཁོར་ཡུག་གྲངས་གཞི་དུས་རྒྱུན་དུ་ཡོངས་བསྒྲགས་བྱས་ནས་ཚན་རིག་དང་མཐུན་པའི་ངང་ཁོར་ཡུག་གི་ཤུགས་རྐྱེན་ལ་ཚོད་སྐོར་བྱས་ཏེ་དམིགས་སའི་རང་བཞིན་ལྡན་པའི་བྱ་ཐབས་དུས་ཐོག་ཏུ་སྤྱད་ནས་མིའི་བདེ་ཐང་ལ་གནོད་པའི་ཁོར་ཡུག་གི་དོན་རྐྱེན་ཚབས་ཆེན་གཏན་ནས་མི་ཐོན་པ་བྱེད་དགོས་པ། གསུམ་ནས་རྗེས་འཇུག་ལས་དོན་ཡག་པོ་སྤེལ་དགོས། རང་སྲོག་བློས་གཏོང་མཁན་མེ་ཟོན་མི་སྣ་ཚང་མར་ལྟ་སྟངས་གཅིག་མཚུངས་འཛིན་ནས་གཟི་བརྗིད་མཚན་སྙན་རྗེས་སྤྲོད་བྱས་ཏེ་རིམ་པ་གཅིག་པའི་གཟིགས་སྐྱོང་དང་གུན་གསབ་སྤྲད་ནས་འདས་པོ་རྣམས་ལ་བརྩི་འཇོག་མཐོང་ཆེན་དང་གཉེན་ཉེར་སེམས་གསོ་ཐུབ་པ་བྱེད་དགོས། ཐེན་ཅིན་གྲོང་ཁྱེར་གྱིས་དུས་ཚོད་དམ་འཛིན་བྱས་ནས་སྐྲུན་དངོས་ཐག་གཅོད་དང་གནོད་འཚེ་ཕོག་པའི་མང་ཚོགས་ལ་གུན་གསབ་ཀྱི་ཇུས་གཞི་བཟོ་དགོས། རོགས་སྐྱོབ་ཐག་གཅོད་དང་རྗེས་འཇུག་སོགས་ཀྱི་འབྲེལ་ཡོད་ཆ་འཕྲིན་དུས་ཐོག་དང་གནད་ལ་འཁེལ་བའི་ཡོངས་བསྒྲགས་བྱས་ནས་མང་ཚོགས་ལ་སེམས་གསོ་གཏོང་བའི་ལས་དོན་གཏིང་ཟབ་ལ་ཞིབ་ཚགས་ངང་སྤེལ་དགོས་པ། བཞི་ནས་དོན་རྐྱེན་བརྟག་དཔྱད་ཐག་གཅོད་གཏིང་ཟབ་ནན་ཏན་བྱས་ནས་དོན་རྐྱེན་བྱུང་ཚུལ་རྩད་གཅོད་མཐའ་གསལ་མཐར་ཕྱིན་པ་བྱས་ཏེ་དོན་རྐྱེན་ཐོན་ཡུལ་ཁེ་ལས་ཀྱི་གཉེར་སྐྱོང་ཁྱབ་ཁོངས་བསྒྱུར་བའི་ཞིབ་མཆན་འགོད་ལུགས་དང་། བདེ་འཇགས་ཚོད་སྐོར། ཉེན་ཆེའི་རྫས་འགྱུར་དངོས་པོའི་བདེ་འཇགས་ལྟ་སྐུལ་དོ་དམ་སོགས་ཀྱི་ལྷུ་ཚིགས་ཚང་མར་རིམ་པ་བཞིན་འགན་འཁྲི་ཁ་གསལ་བཟོ་བ་དང་། འགན་འཁྲིའི་མི་སྣ་ཞིབ་བཤེར་བྱེད་པ། འགན་འཁྲི་བདའ་འདེད་ནན་པོ་གཏོང་བ་བཅས་བྱེད་པ་ལས་རྒྱ་ཡན་དུ་གཏན་ནས་གཏོང་མི་རུང་། དགོས་པའི་ལས་མི་བྱེད་པར་མི་དགོས་རྙོག་དྲ་བཟོ་བའི་དོ་དམ་གྱི་འགན་འཁྲིའང་རྩད་གཅོད་མཐའ་གཅིག་ཏུ་བྱས་ཏེ་མི་དམངས་མང་ཚོགས་ལ་འགན་ཁུར་བའི་ལན་ཞིག་འདེབས་དགོས་པ། ལྔ་ནས་རོགས་སྐྱོབ་ཐག་གཅོད་དང་རྗེས་འཇུག་སོགས་ཀྱི་ལས་དོན་ལེགས་པར་བསྒྲུབ་པ་དང་། དུས་མཚུངས་གནོད་འཚེ་ཕོག་པའི་མང་ཚོགས་ཀྱི་ལས་དོན་དང་འཚོ་བ་དང་དེ་བཞིན་ཕྲུ་གུ་བུ་བཅོལ་ཁང་དུ་གཏོང་བ་དང་སློབ་གྲྭར་སྐྱོད་པའི་ལས་དོན་ཐག་གཅོད་འོས་འཚམ་བྱས་ཏེ་རྒྱུན་གཏན་གྱི་ཐོན་སྐྱེད་དང་འཚོ་བའི་སྒྲིག་ལམ་གང་མགྱོགས་སླར་གསོ་ཐུབ་པ་བྱེད་དགོས་པ་དང་། སྤྱི་ཚོགས་བདེ་འཇགས་དོ་དམ་ལ་ཤུགས་སྣོན་གྱིས་སྤྱི་ཚོགས་ཞི་མཐུན་བརྟན་ལྷིང་སྲུང་སྐྱོང་བྱེད་དགོས་པ། དྲུག་ནས་བསླབ་བྱ་དང་ལེན་གཏིང་ཟབ་བྱེད་དགོས། ས་ཁུལ་དང་སྡེ་ཚན་ཁག་གིས་འགན་ནུས་བསྒྱུར་བའི་བརྒྱུད་རིམ་ཁྲོད་བདེ་འཇགས་ཐོན་སྐྱེད་དང་བཟའ་བཅའ་དང་སྨན་རྫས་སོགས་དམངས་འཚོ་དང་འབྲེལ་བའི་གལ་ཆེའི་ཁྱབ་ཁོངས་ལ་ལྟ་སྐུལ་དོ་དམ་བྱ་རྒྱུའི་སྐོར་གྱི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་སྔ་བར་ཕྱི་གསུམ་གྱི་བླང་བྱ་གཞིར་བཟུང་། ཉེ་ཆར་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་འཚོགས་པའི་རྒྱལ་ཡོངས་ཀྱི་བདེ་འཇགས་ཐོན་སྐྱེད་ཀྱི་བརྙན་འཕྲིན་ཁ་པར་ཚོགས་འདུའི་བཀོད་སྒྲིག་ཁག་ཕྱོགས་ཡོངས་ནས་དོན་འཁྱོལ་བྱས་ཏེ་བདེ་འཇགས་ཐོན་སྐྱེད་ཀྱི་ཞིབ་བཤེར་ཆེ་མོ་ཕྱོགས་ཡོངས་ནས་བྱེད་པ་དང་། ཚད་གཞི་ནན་པོས་སྐྱོན་ཆ་དང་ཞན་ཆ་ཞིབ་བཤེར་དང་འགོག་པ། ནུས་ལྡན་གྱི་བྱ་ཐབས་ལ་བརྟེན་ནས་བདེ་འཇགས་ཐོན་སྐྱེད་ཀྱི་འགན་འཁྲི་དོན་འཁྱོལ་བྱེད་པ། རྒྱལ་སྤྱིའི་སྔོན་ཐོན་ཉམས་མྱོང་ལ་དཔེ་ལྟ་བ། དོན་རྐྱེན་སྣ་ཚོགས་དང་ལྷག་པར་དུ་ཉེན་ཆེའི་དངོས་རྫས་དོན་རྐྱེན་འཕྲལ་སྡོམ་སྔོན་ཇུས་འཐུས་ཚང་དུ་གཏོང་བ། འབྱུང་རྩ་ནས་ཚབས་ཆེའི་དོན་རྐྱེན་གྱི་མི་མངོན་པའི་རྐྱེན་ངན་སེལ་བ་བཅས་བྱས་ནས་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་བདེ་འཇགས་འགན་ལེན་ཏན་ཏིག་བྱེད་དགོས་པའི་ནན་བཤད་གནང་བ་རེད།
      

    ཕྱོགས་བསྡུས་གསར་འགྱུར།