འཚོལ་བཤེར།   
藏文频道
2015ལོའི་ཟླ་5ཚེས་6ཉིན།
  • མི་དམངས་དྲ་བ།

    ༄༅།།ཀྲུང་གོས་ནེ་པ་ལར་ས་ཡོམ་རྗེས་ཀྱི་རེས་སྐོར་གསར་པའི་སྨན་བཅོས་རོགས་སྐྱོབ་བྱ་རྩིས་ཡོད་པ།

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 05ཚེས་06ཉིན། 11:20】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། ཀྲུང་གོ་སྲིད་གཞུང་གི་ནེ་པ་ལར་རོགས་སྐྱོབ་བྱེད་མཁན་སྨན་བཅོས་འཕྲོད་བསྟེན་གྱི་མདུན་ཕྱོགས་བཀོད་འདོམས་ཚོགས་ཆུང་གི་ཙུའུ་ཀྲང་ཞུས་ཧྲུའུ་ཆང་གིས་ཚེས་3ཉིན་གྱི་དགོང་མོ་ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པར་ཀྲུང་གོ་སྲིད་གཞུང་གིས་ནེ་པ་ལར་ས་ཡོམ་རྗེས་ཀྱི་རེས་སྐོར་གསར་པའི་སྨན་བཅོས་རོགས་སྐྱོབ་བྱ་རྩིས་ཡོད་པ་དང་ཞིབ་ཕྲའི་ལག་བསྟར་ཇུས་གཞི་འདིང་བཞིན་ཡོད་ཅེས་བརྗོད་པ་རེད།
         ཞུས་ཧྲུའུ་ཆང་གིས་རེས་སྐོར་གསར་པའི་རོགས་སྐྱོབ་དེ་ནེ་པ་ལའི་རྒྱལ་ནང་གི་དགོས་མཁོ་དངོས་ལ་གཞིགས་པ་དང་ཆབས་ཅིག་རང་བྱུང་གནོད་འཚེ་བརྒྱུད་མྱོང་བའི་ཀྲུང་གོའི་འབྲེལ་ཡོད་ཉམས་མྱོང་དང་ཟུང་འབྲེལ་གྱིས་བྱ་རྒྱུ་རེད་ཅེས་བརྗོད་པ་རེད།
         གསར་འགོད་པས་ནེ་པ་ལར་བཅར་འདྲི་བྱེད་སྐབས་ཤེས་རྟོགས་བྱུང་བར། མིག་སྔར་ཀྲུང་གོའི་རྒྱལ་ཁབ་རིམ་པའི་སྨན་བཅོས་རུ་ཁག་5ཡིས་ནེ་པ་ལར་སྨན་བཅོས་རོགས་སྐྱོབ་བྱེད་བཞིན་ཡོད། ཀྲུང་གོ་སྲིད་གཞུང་གི་སྨན་བཅོས་རུ་ཁག་ས་གནས་དེ་གར་འབྱོར་བ་ནས་ད་བར་ཁྱོན་ས་གནས་དེ་གའི་གནོད་འཚེ་ཕོག་པའི་མང་ཚོགས་600ལྷག་ཙམ་ལ་སྨན་བཅོས་བྱས་པའི་ནང་མི་500ལྷག་ཙམ་སྨན་བཅོས་བྱ་ཡུལ་དུ་སྡོད་དུ་བཅུག་ཡོད་པས་ལས་ཀའི་དཀའ་ཚེགས་ཧ་ཅང་ཆེན་པོ་ཡོད་པ་རེད།
         ཞུས་ཧྲུའུ་ཆང་གིས་ཀྲུང་གོའི་སྨན་བཅོས་རུ་ཁག་ཁག་གིས་ནེ་པ་ལར་དཀའ་སྤྱད་ལས་དོན་སྒྲུབ་པར་ཐུགས་རྗེ་ཆེ་ཞུས་པ་མ་ཟད། ནེ་པ་ལར་ཡོད་པའི་ཀྲུང་གོའི་སྨན་བཅོས་ལས་དོན་པས་ནེ་པ་ལའི་ས་ཡོམ་རྗེས་ཀྱི་གནོད་འཚེ་ཕོག་པའི་མང་ཚོགས་ལ་རྒྱལ་སྤྱིའི་ཚད་གཞི་དང་མཐུན་པའི་ཆུ་ཚད་མཐོ་བའི་སྨན་བཅོས་རིམས་འགོག་ཞབས་ཞུ་མུ་མཐུད་བྱ་རྒྱུའི་རེ་བ་ཡོད་ཅེས་བརྗོད།
         ཀྲུང་གོ་ཕྱོགས་ཀྱིས་ནེ་པ་ལར་སྨན་བཅོས་རོགས་སྐྱོབ་ཀྱི་བྱ་སྤྱོད་སྤེལ་བར་ནེ་པ་ལ་ཕྱོགས་ཀྱི་གདེང་འཇོག་བཟང་པོ་ཐོབ་ཡོད། ནེ་པ་ལའི་དམག་ཕྱོགས་དང་ཀྲུང་གོའི་སྨན་བཅོས་རིམས་འགོག་རུ་ཁག་དབར་འབྲེལ་བ་བྱེད་མཁན་ནེ་པ་ལའི་དམག་དཔོན་པི་ཁེར•ཧྲི་ལུའེ་སི་ཧྲ་ཡིས“ཀྲུང་གོའི་རིམས་འགོག་རུ་ཁག་གིས་ནེ་པ་ལར་ལས་དོན་ཧུར་ཐག་སྤེལ་བས་ནེ་པ་ལའི་ས་ཡོམ་རྗེས་ཀྱི་རིམས་འགོག་ལས་དོན་ལ་ནུས་པ་གལ་ཆེན་ཐོན་ཡོད”ཅེས་བརྗོད་པ་རེད།
         ནེ་པ་ལར་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་ཁང་གི་ཚོང་གཉེར་ཁྲུའི་ཚན་ཙན་ཕུང་ཝུའེ་ཡིས་ཚེས་3ཉིན་གསར་འགོད་པར་ད་ཆ་ཀྲུང་གོའི་བཟོ་པ་100ལྷག་ཙམ་ནེ་པ་ལའི་ལས་ཡུལ་དུ་ཉེན་ཁའི་གནས་སུ་གྱར་ཡོད་ནའང་ཁོང་ཚོ་བདེ་ཐང་ཡིན་པ་ར་སྤྲོད་བྱས་ཡོད།
         གསར་འགོད་པར་ཤེས་རྟོགས་བྱུང་བའི་གནས་ཚུལ་ལ་གཞིགས་ན། ཀྲུང་གོ་ཆུ་གློག་ཚོགས་པའི་ལས་མི་100ལྷག་ཙམ་དེ་དག་ནེ་པ་ལའི་དབུས་རྒྱུད་ཏོར་ཁ་རྫོང་གི་ཧྲང་ཐ་མ་ཁེ་ཤིས་ཆུ་ཤུགས་གློག་ཁང་གི་རྣམ་གྲངས་ལས་ཡུལ་དུ་ཉེན་ཁའི་གནས་སུ་གྱར་ཡོད། རྣམ་གྲངས་དེའི་ནེ་པ་ལའི་འགན་ཁུར་བས་ས་ཡོམ་གྱིས་ལས་ཡུལ་གྱི་མཐའ་འཁོར་གཞུང་ལམ་ལ་གནོད་འཚེ་ཚབས་ཆེན་བཟོས་ཡོད་པ་དང་ནེ་པ་ལ་ཕྱོགས་ཀྱིས་ཐད་འཕུར་གནམ་གྲུ་གཏོང་རྒྱུའི་མཐུན་སྦྱོར་བྱས་ཏེ་ཉེན་ཁའི་གནས་སུ་གྱར་བའི་ཀྲུང་གོ་ཕྱོགས་དང་ནེ་པ་ལ་ཕྱོགས་ཀྱི་ལས་མི་ཀ་ཏ་མན་རྡུར་གང་མགྱོགས་ཕྱིར་ལོག་ཐུབ་པའི་བརྩོན་ལེན་བྱེད་བཞིན་ཡོད་ཅེས་བརྗོད།
      

    ཕྱོགས་བསྡུས་གསར་འགྱུར།