འཚོལ་བཤེར།   
藏文频道
2015ལོའི་ཟླ་3ཚེས་14ཉིན།
  • མི་དམངས་དྲ་བ།

    ༄༅།།སྒྱུར་བཅོས་ཞེས་པའི་ཐ་སྙད་ཐེངས་80ལྷག་ཙམ་ཐོན་པའི་མཚོན་དོན་གང་ཡིན་ནམ།

    —— སྲིད་གཞུང་གི་ལས་དོན་སྙན་སྒྲོན་ནང་ཐོན་པའི་ཚིག་གནད་འགའི་གསལ་འགྲེལ།

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 03ཚེས་13ཉིན། 11:12】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         གནད་འགག་གི་ཚིག་དང་པོ། འཕར་གཞི་འགན་ལེན་དང་གྲུབ་ཆ་ལེགས་སྒྲིག་བྱེད་པའི་འགག་རྩའི་ལོ།
         ཟླ་3ཚེས་5ཉིན་འགོ་བཙུགས་པའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཉིས་པའི་ཚོགས་འདུ་ཐེངས་གསུམ་པའི་ཐོག་ཙུང་ལི་ལི་ཁེ་ཆང་གིས་སྲིད་གཞུང་གི་ལས་དོན་སྙན་སྒྲོན་ནང་དར་ཆ་གསལ་སྟོན་གྱི་སྒོ་ནས“འཕེལ་རྒྱས་གཏོང་རྒྱུ་ནི་བསྙོན་མེད་དོན་དམ་ཡིན”ཞེས་བསྟན་པ་དང་སྦྲགས། 2015ལོ་ཉིད“འཕར་གཞི་བརྟན་པོ་དང་གྲུབ་ཆ་ལེགས་སྒྲིག་བྱེད་པའི་འགག་རྩའི་ལོ་ཞིག་ཡིན”ཞེས་གཏན་འཁེལ་ཁ་གསལ་བྱས་པ་མ་ཟད། སྒྱུར་བཅོས་ཁྱོན་ཡོངས་ནས་གཏིང་ཟབ་ཏུ་གཏོང་བའི་འགག་རྩའི་ལོ་ཞིག་ཀྱང་ཡིན་པར་བརྟེན་སྙན་སྒྲོན་ནང“སྒྱུར་བཅོས”ཞེས་པའི་ཐ་སྙད་ཐེངས་80ལྷག་ཙམ་ཐོན་པས། འབྱུང་འགྱུར་ཀྲུང་གོའི་སྤྱི་ཚོགས་འཕེལ་རྒྱས་ཀྱི་དམིགས་ཚད་གང་ཡིན་པ་དང་། དཔལ་འབྱོར་འཕེལ་རྒྱས་འགྲོ་ཕྱོགས་ལ་འགྱུར་ལྡོག་གང་འབྱུང་རྒྱུའི་སྐོར་ལ། “ཤིན་ཧྭའི་ལྟ་ཚུལ”གྱི་གསར་འགོད་པས་སྙན་སྒྲོན་ནང་གི་གནད་འགག་གི་ཚིག་འགར་འགྲེལ་པ་བརྒྱབ་པ་སྟེ།
         སྙན་སྒྲོན་ནང་གི་དོ་གནད། རང་རྒྱལ་གྱི་དཔལ་འབྱོར་འཕེལ་ཚད་ཆག་པའི་གནོན་ཤུགས་མུ་མཐུད་ཆེ་རུ་འགྲོ་བ་དང་། འཕེལ་རྒྱས་ཁྲོད་ཀྱི་གདིང་རྩའི་འགལ་བ་མངོན་གསལ་དོད་པ། འདི་ལོ་འཕྲད་རྒྱུའི་དཀའ་ངལ་ན་ནིང་ལས་ཆེ་བ་ཡོང་སྲིད་པས་སྲིད་ཇུས་དང་སྔོན་དཔག་བརྟན་པོ་ཡོང་བ་དང་སྒྱུར་བཅོས་ལ་སྐུལ་འདེད་དང་གྲུབ་ཆ་ལེགས་སྒྲིག་བྱ་རྒྱུ“ཟུང་འབྲེལ”ཡོང་རྒྱུ་མཐའ་འཁྱོངས་བྱེད་དགོས།
         གསལ་འགྲེལ། “འགག་རྩའི་ལོ”ཞེས་པའི་ཤོད་སྲོལ་ཐོག་མར་ཐོན་པ་ལས། འཕར་གཞི་འགན་ལེན་བྱ་རྒྱུ་ལས་འགན་གལ་ཆེར་བརྩིས་ནས་འཕར་གཞི་འགན་ལེན་ཡོང་བར་སྒྱུར་བཅོས་གཏིང་ཟབ་གཏོང་བ་ལས་སྒུལ་ཤུགས་སྐྱེད་པ་དང་། གྲུབ་ཆ་ལེགས་སྒྲིག་ལས་བར་སྟོང་བཙལ་ནས་གཅིག་གིས་ཁྱོན་ཡོངས་ལ་སྣེ་ཁྲིད་ཐུབ་པའི་སྒྱུར་བཅོས་གལ་ཆེན་ལ་སྐུལ་མ་གཏོང་དགོས་པ་བསྟན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་འཕེལ་རྒྱས་ཞིབ་འཇུག་ལྟེ་གནས་ཀྱི་ཀྲུའུ་རེན་གཞོན་པ་ལིའུ་ཧྲེ་ཅིན་གྱིས། མྱུར་ཚད་ལེགས་སྒྲིག་བྱས་ཀྱང་འཕེལ་ངོ་མི་ཆག་པར་སྔོན་མ་དང་མི་འདྲ་བའི་འཕར་གཞིའི་གྲུབ་ཆ་དང་སྒུལ་ཤུགས་ཀྱི་ལམ་སྲོལ་དེ་བས་ཆགས་པ་བྱས་ཏེ་སྒྱུར་བཅོས་ལ་ནུས་ཤུགས་སྔར་ལྷག་འདོན་པ་དང་བྱེད་རིན་སྔར་ལས་ལྷག་པ་ལྡན་དགོས་ཚུལ་བཤད།
         གནད་འགག་གི་ཚིག་གཉིས་པ། དཔལ་འབྱོར་འཕར་ཚད་7%ཡས་མས་སུ་སྔོན་ཚོད་བྱེད་པ།
         སྙན་སྒྲོན་ནང་གི་དོ་གནད། དཔལ་འབྱོར་འཕར་ཚད་7%ཡས་མས་སུ་སྔོན་ཚོད་བྱས་པ་ནི་དགོས་མཁོ་དང་ཐོན་སྲིད་པ་གཉིས་ཀར་བསམ་གཞིགས་ཀྱིས་འབྱོར་འབྲིང་སྤྱི་ཚོགས་སྒོ་ཀུན་ནས་སྐྲུན་པའི་དམིགས་ཚད་དང་འབྲེལ་ཞིང་། དཔལ་འབྱོར་བསྡོམས་འབོར་ཆེ་རུ་དང་གྲུབ་ཆ་རིམ་སྤོར་གྱི་དགོས་མཁོ་དང་མཐུན་ལ་འཕེལ་རྒྱས་ཀྱི་ཆོས་ཉིད་དང་དོན་དངོས་དང་ཡང་འཚམ་པ་ཞིག་ཡིན།
         གསལ་འགྲེལ། རྒྱལ་ཁབ་ཆ་འཕྲིན་ལྟེ་གནས་ཀྱི་སྤྱི་ཁྱབ་དཔལ་འབྱོར་མཁས་པ་ཧྥན་ཅན་ཕིང་གིས། 7%ཡས་མས་སུ་སྔོན་ཚོད་བྱ་རྒྱུ་དེ་འབྱོར་འབྲིང་སྤྱི་ཚོགས་སྒོ་ཀུན་ནས་བསྐྲུན་པའི་དམིགས་ཚད་དང་འབྲེལ་ནས་2020ལོར་སླེབས་སྐབས་རྒྱལ་ནང་ཐོན་སྐྱེད་རིན་ཐང་བསྡོམས་འབོར་2010ལོ་ལས་ལྡབ་གཅིག་འཕར་བ་བྱེད་པར་ད་ཆ་ནས་འགོ་བརྩམས་ཏེ་ལོར་ཆ་སྙོམས་འཕར་ཚད་6.7%ཡན་རྒྱུན་འཁྱོངས་བྱེད་དགོས་པ་དང་7%ཡས་མས་ཀྱི་མྱུར་ཚད་དེའང་ཕལ་ཆེ་བ་ཞབས་ཞུའི་ལས་རིགས་ཀྱི་བསྡུར་ཚད་མཐོ་རུ་གཏོང་བ་དང་ཁེ་ལས་ཆུང་གྲས་དང་ཆེས་ཆུང་གྲས་ཀྱི་གསོན་ཤུགས་ཆེ་རུ་གཏོང་བའི་ཐོག་ནས་གྲུབ་སྟེ་ལས་ཞུགས་སྔར་ལས་ལྷག་པ་ཡོང་བ་བྱ་རྒྱུ་རེད་ཅེས་དང་། རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་ཐེང་ཞུན་ཀུང་སིའི་ལས་འཛིན་ཚོགས་པའི་ཀྲུའུ་ཞི་མཱ་ཧྭ་ཐེང་གིས། ཐོན་ལས་གྲུབ་ཆ་ལེགས་སྒྲིག་དང་ཚན་རྩལ་གསར་གཏོད་བྱ་རྒྱུ་དེས་དཔལ་འབྱོར་འཕེལ་རྒྱས་ཀྱི་སྤུས་ཚད་བཟང་སྒྲིག་བྱས་ནས་དཔལ་འབྱོར་འཕར་གཞི་སྔར་བས་བརྟན་པ་དང་སྐྱོན་བྲལ་ཡོང་བ་བྱ་རྒྱུ་རེད་ཅེས་བཤད།
         གནད་འགག་གི་ཚིག་གསུམ་པ། ལས་ཁུངས་ཁུ་བསྡུ་དང་དབང་ཆ་གཤམ་སྤྲོད་གལ་ཆེར་འཛིན་པ།
         སྙན་སྒྲོན་ནང་གི་དོ་གནད། ལས་ཁུངས་ཁུ་བསྡུ་དང་དབང་ཆ་གཤམ་སྤྲོད་བྱེད་པ་དང་དབང་ཆ་གཤམ་སྤྲོད་དང་དོ་དམ་ཟུང་དུ་འབྲེལ་རྒྱུ་སྒྱུར་བཅོས་བྱེད་པའི་གལ་འགངས་དུ་འཛིན་དགོས་པ་དང་། འདི་ལོ་སྲིད་འཛིན་གྱི་ཞིབ་མཆན་འགོད་པའི་དོན་གནད་ཁག་གཅིག་སླར་ཡང་མེད་པ་བཟོ་བ་དང་གཤམ་སྤྲོད་བྱ་རྒྱུ་མ་ཟད། སྲིད་འཛིན་ཕྱོགས་བསྡུས་ཀྱི་ཞིབ་མཆན་མིན་རིགས་ཚང་མ་མེད་པ་བཟོ་དགོས། སྲིད་གཞུང་གི་དབང་ཆ“འཕྲི”ནས་ཁྲོམ་རའི་གསོན་ཤུགས“སྣོན”ཐུབ་པ་བྱེད་དགོས།
         གསལ་འགྲེལ། འདས་ཟིན་པའི་ལོ་གཅིག་རིང་གི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་ཚོགས་འདུའི་ཐོག་ལས་ཁུངས་ཁུ་བསྡུ་དང་དབང་ཆ་གཤམ་སྤྲོད་བྱ་རྒྱུ་ཞེས་པ་ཐེངས་མང་ཐོན་ཡོད། ལོ་ཧྲིལ་པོར་ཚོགས་འདུ་ཐེངས་40ཙམ་འཚོགས་པའི་ནང་ལས་ཁུངས་ཁུ་བསྡུ་དང་དབང་ཆ་གཤམ་སྤྲོད་བྱ་རྒྱུ་ཐེངས་22ཐོན་ཡོད། ལོ་འགའི་ནང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་སྲིད་འཛིན་ཞིབ་མཆན་འགོད་པའི་དོན་གནད་ཁག་9ཡི་རྣམ་གྲངས་798སྔ་རྗེས་སུ་མེད་པ་བཟོས་པ་དང་དབང་ཆ་གཤམ་སྤྲོད་བྱས་ཡོད།
         རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་ཀོང་ཀྲོའུ་གྲོང་ཁྱེར་ཁྲིམས་རྩོད་པའི་མཐུན་ཚོགས་ཀྱི་མཚན་འཛིན་ཚོགས་གཙོ་ཁྲེན་ཧྲུའུ་ཡིས། འདི་ལོ་ལས་ཁུངས་ཁུ་བསྡུ་དང་དབང་ཆ་གཤམ་སྤྲོད་བྱ་རྒྱུ་དེ་སྲིད་གཞུང་གིས་རང་ལ་གསར་བརྗེ་དང་སྤྱི་ཁོག་སྙོམས་སྒྲིག་གི“སྔོན་ལ་བྱ་རྒྱུར”བརྩིས་ནས་མུ་མཐུད་གཏིང་ཟབ་སྐུལ་སྤེལ་ཐོག་འབྱུང་འགྱུར་ལས་ཁུངས་ཁུ་བསྡུ་དང་དབང་ཆ་གཤམ་སྤྲོད་བྱེད་ཚད་མུ་མཐུད་ཆེ་རུ་བཏང་ནས་སྲིད་གཞུང་གིས་དབང་ཆར་བརྟེན་ནུས་ཆུང་དུ་གཏོང་རྒྱུ་མ་ཟད། དབང་ཆ་གཤམ་སྤྲོད་དང་དོ་དམ་ཟུང་འབྲེལ་ཐོག་ལས་ཀ་སྒྲུབ་རིང་དང་བསྒྲུབས་རྗེས་ཀྱི་ལྟ་སྐུལ་དོ་དམ་བྱེད་ལམ་གསར་པ་དང་བྱེད་ཐབས་གསར་པ་འཚོལ་ཞིབ་དང་ཤུགས་སྣོན་རྒྱག་རྒྱུ་དང། ལས་ཁུངས་ཁུ་བསྡུ་དང་དབང་ཆ་གཤམ་སྤྲོད་བྱེད་པའི་མཐར་གཏུགས་དམིགས་ཡུལ་ནི་ཁེ་ལས་ལ་ལག་རྒྱ་གློད་པ་དང་ལས་གཏོད་སྟབས་བདེ་ཡོང་བར་བྱས་ནས་ཞབས་ཞུའི་སྲིད་གཞུང་ཞིག་འཛུགས་ཆེད་ཡིན་ཞེས་བཤད།
         གནད་འགག་གི་ཚིག་བཞི་པ། དཔལ་འབྱོར་སྒྲིག་གཞི་སྒྱུར་བཅོས་ལ་སྐུལ་སྤེལ་གཏིང་ཟབ་གཏོང་བ།
         སྙན་སྒྲོན་ནང་གི་དོ་གནད། ཁུར་མཉམ་ལེན་དང་དོན་སྤྱི་སྒྲུབ་ཀྱིས་མ་རྩ་འཇོག་པ་དང་མ་རྩ་མཉམ་འདྲེས་ཀྱི་སྒྲིག་གཞིར་སྒྱུར་བཅོས་བྱེད་དགོས་པ་དང་། གོ་སྐབས་མི་ཤོར་བའི་ཐོག་ནས་རིན་གོང་གི་སྒྱུར་བཅོས་བྱེད་དགོས་པ། ནོར་ཁྲལ་སྒྲིག་གཞི་སྒྱུར་བཅོས་ལ་སྐུལ་མ་གཏོང་བར་འཕེལ་རྒྱས་གསར་པ་ཡོང་བ་བྱེད་དགོས་པ། ཞབས་ཞུའི་དངོས་ཚན་དཔལ་འབྱོར་ལ་དམིགས་ནས་དངུལ་རྩ་སྒྱུར་བཅོས་ལ་སྐུལ་མ་གཏོང་དགོས་པ། གཞུང་ཁོངས་ཁེ་ལས་ཀྱི་གཞུང་ཁོངས་རྒྱུ་ནོར་ལ་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་དགོས།
         གསལ་འགྲེལ། རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་ནན་ཁེ་སློབ་ཆེན་གྱི་ཁྲིམས་རིག་སློབ་གླིང་གི་འགན་འཛིན་གཞོན་པ་ཧོ་ཤིན་དབྱིས། སྒྱུར་བཅོས་གཏིང་ཟབ་བྱེད་པའི་དུས་སུ་སླེབས་པས་རིན་གོང་དང་། གཞུང་ཁོངས་ཁེ་ལས། ནོར་ཁྲལ་སོགས་བྱེད་དཀའ་བའི་གནད་འགར་ངེས་པར་དུ་སྒྱུར་བཅོས་གཏིང་ཟབ་བྱེད་དགོས། ཕུགས་སུ་འཕེལ་རྒྱས་གཏོང་བའི་མ་ལག་བསྐྱར་སྒྲིག་ལ་དམིགས་ནས་ངེས་པར་དུ་སྒྱུར་བཅོས་ཀྱི་བྱེད་ཐབས་ཁག་དོན་འཁྱོལ་བྱ་རྒྱུར་ཤུགས་སྣོན་བརྒྱབ་སྟེ་སྒྱུར་བཅོས་ལས་བྱུང་བའི་ཕན་པ་སྔར་ལས་ལྷག་པ་ཐོན་པ་བྱ་རྒྱུ་རེད་ཅེས་བཤད།
         གནད་འགག་གི་ཚིག་ལྔ་པ། ཞིང་ལས་དེང་རབས་ཅན།
         སྙན་སྒྲོན་ནང་གི་དོ་གནད། “ཞིང་གསུམ”གྱི་གལ་ཆེའི་ནང་གི་འགངས་ཆེན་གནས་བབས་ལ་གཡོ་སྒུལ་སྤུ་ཙམ་ཡང་མི་གཏོང་རྒྱུ་མཐའ་འཁྱོངས་དང་ཞིང་ལས་འཕེལ་རྒྱས་གཏོང་སྟངས་སྒྱུར་མགྱོགས་སུ་བཏང་སྟེ་ཞིང་ལས་དར་བ་དང་། མང་ཚོགས་ཕྱུག་པོ། གྲོང་ཚོ་མཛེས་པ་བཅས་སྔར་ལས་ལྷག་པ་ཡོང་བ་བྱེད་དགོས།
         གསལ་འགྲེལ། རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་ཀྲུང་གོ་ཞིང་ལས་སློབ་ཆེན་གྱི་སློབ་སྤྱི་ཧོ་པིང་ཧྲེང་གིས། ད་ཆ“ཞིང་གསུམ”གྱི་གནད་དོན་ལ་འགྲན་སློང་མང་པོ་འཕྲད་པའི་ལྟེ་བ་ནི་ས་ཞིང་དང་། ཆུ། ངལ་རྩོལ་ནུས་ཤུགས་བཅས་གང་ཉུང་ཉུང་ལ་བརྟེན་ནས་སྤུས་ཚད་ཡག་པའི་ཞིང་ལས་ཐོན་ཟོག་གང་མང་མང་ཐོན་སྐྱེད་ཇི་ལྟར་བྱ་རྒྱུ་དེ་ཡིན། “ཞིང་ལས་དར་བ”བྱེད་པར་ཚན་རྩལ་ཆུ་ཚད་མཐོ་རུ་གཏོང་བས་། ཞིང་ལས་ཀྱི་རྨང་གཞིའི་སྒྲིག་བཀོད་འཐུས་ཚང་དུ་བཏང་ནས་བྱང་ཚད་སྔར་བས་མཐོ་བའི“ཞིང་པ་གསར་པ”སྐྱེད་སྲིང་བྱ་རྒྱུར་ཐུག་ཡོད། “ཞིང་པ་ཕྱུག་པོ”ཡོང་བ་བྱ་གཞི་ནི་མཐུན་རྐྱེན་བསྐྲུན་པ་དང་གྲོང་གསེབ་ཀྱི་མི་འབོར་གཞན་སྒྱུར་བྱེད་པ་དང་སྦྲགས། ཞིང་ལས་གཞི་ཁྱོན་དང་ལེགས་བསྡུས་ཞིབ་གཉེར་ངང་གཉེར་སྐྱོང་ཐུབ་པ་བྱ་རྒྱུ་དེ་ཡིན། “གྲོང་གསེབ་མཛེས་པ”ཞེས་པ་ནི་གྲོང་གསེབ་ཀྱི་དེང་རབས་ཀྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་བྱེད་པ་དང་ཆབས་ཅིག གྲོང་གསེབ་ཀྱི་སྣོད་བཅུད་ཁོར་ཡུག་དང་སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་ཀྱི་ཁོར་ཡུག་སྲུང་སྐྱོང་བྱ་རྒྱུ་དེ་ཡིན་ཞེས་བཤད།
         གནད་འགག་གི་ཚིག་དྲུག་པ། དམངས་འཚོ་མུ་མཐུད་ལེགས་སུ་གཏོང་བ།
         སྙན་སྒྲོན་ནང་གི་དོ་གནད་། རྒྱལ་ཁབ་འཛུགས་པའི་གནས་ལུགས་ནི་མི་དམངས་ཕྱུག་པོ་ཆགས་རྒྱུར་ཐུག དམངས་འཚོ་ལེགས་སུ་གཏོང་རྒྱུ་དམིགས་ཡུལ་དུ་བྱས་ནས་སྤྱི་ཚོགས་ཀྱི་བྱ་གཞག་འཕེལ་རྒྱས་མྱུར་པོ་ཡོང་བ་དང་ཡོང་འབབ་ཀྱི་བགོ་བཤའི་ལམ་ལུགས་སྒྱུར་བཅོས་འཐུས་ཚང་ཡོང་བའི་ཐོག་ནས་གྲོང་མིའི་ཡོང་འབབ་མང་དུ་གཏོང་གང་ཐུབ་བྱས་ཏེ་སྤྱི་ཚོགས་དྲང་གཞག་དྲང་བདེན་དང་ཞི་མཐུན་ཡར་རྒྱས་ཡོང་བར་སྐུལ་མ་གཏོང་དགོས།
         གསལ་འགྲེལ། དམངས་འཚོ་འགན་ལེན་བྱས་ནས་མི་སེར་ལ་ཁེ་ཕན་ཡོང་བ་བྱ་རྒྱུ་ནི་སྲིད་གཞུང་གི་འགན་འཁྲི་གཙོ་བོ་ཡིན། སྨན་བཅོས་སྒྲིག་གཞི་སྒྱུར་བཅོས་བྱེད་མགྱོགས་སུ་གཏོང་རྒྱུར་སྐུལ་མ་གཏོང་བ་དང་རྒན་གསོ་བྱ་རྒྱུ“མཉམ་དུ་སྤེལ་བའི”སྒྱུར་བཅོས་དོན་ཐོག་ཏུ་འཁྱོལ་བ་དང་། སློབ་བསྡུའི་ཡིག་རྒྱུགས་ཀྱི་སྒྲིག་གཞི་སྒྱུར་བཅོས་བྱ་ཐབས་མགྱོགས་མྱུར་བཏོན་པ། གྲོང་མིའི་ཡོང་འབབ་མང་དུ་འགྲོ་ཚད་དཔལ་འབྱོར་གྱི་འཕར་ཚད་ལས་བརྒལ་བ་སོགས་སྐྱེ་བོ་ཀུན་གྱིས་མིག་མཐོང་ལག་ཟིན་ཐུབ་པའི་གྲུབ་འབྲས་ཐོབ་ཡོད། རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་ཨན་ཧུའེ་ཞིང་ཆེན་སྤྱི་ཚོགས་ཚན་རིག་ཁང་གི་ཞིབ་འཇུག་པ་ཆན་ཉན་སུན་གྱིས། ནོར་སྲིད་གཏོང་ཡོང་གི་གནོན་ཤུགས་ཆེན་པོ་འཕྲད་ནའང་དམངས་འཚོར་བཏང་བའི་བསྡུར་ཚད་70%ཡན་ཟིན་པ་དེས་མི་སེར་སྔར་ལས་མང་བར་སྒྱུར་བཅོས་ཆེན་པོ་ལས་ཕན་བཏགས་པའི་ཚོར་སྣང་བྱུང་ཡོད། དམངས་འཚོ་འགན་ལེན་བྱ་རྒྱུ་གནད་ལ་འཁེལ་བ་བྱེད་པར་སྲིད་གཞུང་གི་ལས་ཁུངས་ཁུ་བསྡུ་དང་དབང་ཆ་གཤམ་སྤྲོད་ཡོང་བ་དང་དམངས་འཚོ་འགན་ལེན་བྱེད་ལམ་འཐུས་ཚང་ཡོང་བ་བྱེད་དགོས་ཞེས་བཤད།
         གནད་འགག་གི་ཚིག་བདུན་པ། མཐོ་གནོན་རུལ་རྒོལ།
         སྙན་སྒྲོན་ནང་གི་དོ་གནད། མཐོ་གནོན་རུལ་རྒོལ་གྱི་རྣམ་པ་ཐོག་མཐའ་བར་གསུམ་དུ་རྒྱུན་འཁྱོངས་བྱས་ནས་རུལ་སུངས་བར་བཟོད་སྒོམ་གཏན་ནས་མི་བྱེད་པར་ཐག་གཅོད་ནན་པོ་བྱེད་དགོས། རུལ་སུངས་ཀྱི་བྱེད་སྤྱོད་དེ་འགོ་ཁྲིད་ལས་ཁུངས་སམ་ཡང་ན་མང་ཚོགས་ཁྲོད་གང་དུ་ཐོན་ཀྱང་ངེས་པར་དུ་ཆད་པ་ནན་པོ་གཅོད་དགོས།
         གསལ་འགྲེལ། རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་ཧོ་ནན་ཞིང་ཆེན་མི་དམངས་ཞིབ་དཔྱོད་ཁང་གི་ཞིབ་དཔྱོད་ཀྲང་ཚའེ་ཉིང་གིས། ལོ་གཉིས་ནང་རུལ་རྒོལ་གྱི་མཐོ་རླབས་འཕྱུར་བ་ལས་རུལ་སུངས་ལ་ངོ་རྒོལ་བྱེད་པའི་ཀྲུང་དབྱང་གི་ཆོད་སེམས་གང་ལེགས་མཚོན་ཡོད། ད་ཆ་རུལ་རྒོལ་གྱི་དཀའ་གནད་ནི། གཅིག་ནས་རུལ་སུངས་ཕྱིར་མངོན་དཀའ་བ་དང་། གཉིས་ནས་ས་ཆ་ཁག་གཅིག་ལ་ས་ཁོངས་ཀྱི་རུལ་སུངས་དང་ཁྱབ་ཁོངས་ཀྱི་རུལ་སུངས་མཉམ་དུ་འདྲེས་པས་མི་དང་དབང་ཆའི་རུལ་སུངས་མཉམ་གནས་ཡིན་པས་རུལ་སུངས་ཀྱི་འགན་འཁྲི་རྩད་གཅོད་གཏོང་དཀའ་བ། གསུམ་ནས་ལམ་ལུགས་འཛུགས་སྐྱོང་ལ་བརྟེན་ནས་ལས་བྱེད་པར“རུལ་སུངས་བྱེད་སེམས་མི་སྐྱེ་བ”ཇི་ལྟར་ཡོང་བ་བྱ་རྒྱུ་བྱེད་དཀའ་བ་བཅས་ཡིན་པས་གོམ་སྟབས་རྗེས་མར་དབང་ཆ་རླུང་རྩེའི་ནང་བཅུག་ནས་ཁྲིམས་བཞིན་རུལ་སུངས་ལ་ངོ་རྒོལ་བྱ་རྒྱུ་འགག་རྩ་ཡིན་ཞེས་བཤད།
      

    ཕྱོགས་བསྡུས་གསར་འགྱུར།