འཚོལ་བཤེར།   
藏文频道
2015ལོའི་ཟླ་3ཚེས་15ཉིན།
  • མི་དམངས་དྲ་བ།

    ༄༅།།མཚོ་སྔོན་གྱིས་གཞི་རྩའི་སྨན་རྫས་ལམ་ལུགས་འཐུས་ཚང་དུ་བཏང་ནས་མང་ཚོགས་ལ་
    སྒོར་དུང་ཕྱུར་13གྱི་ཁུར་པོ་ཡང་དུ་བཏང་བ།

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 03ཚེས་13ཉིན། 13:44】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། ཉེ་ཆར་མཚོ་སྔོན་ཞིང་ཆེན་སྨན་བཅོས་ལམ་ལུགས་སྒྱུར་བཅོས་གཞུང་ལས་ཁང་ནས་ཤེས་རྟོགས་བྱུང་གསལ། 2011ལོའི་ལོ་མཇུག་ཏུ་ལག་བསྟར་བྱེད་འགོ་ཚུགས་པའི་གཞི་རྩའི་སྨན་རྫས་ལམ་ལུགས་དེ་མཚོ་སྔོན་གྱི་རྫོང་དང་། ཤང་། གྲོང་ཚོ་བཅས་རིམ་པ་གསུམ་གྱི་སྨན་བཅོས་སྒྲིག་གཞིར་ཁྱབ་ནས་མང་ཚོགས་ཀྱི་སྨན་སྤྱོད་ཁུར་པོ་ཁྱོན་སྒོར་དུང་ཕྱུར་13ལྷག་ཙམ་ཡང་དུ་བཏང་བ་རེད།
         ངོ་སྤྲོད་བྱས་པར་གཞིགས་ན། 2009ལོ་ནས་བཟུང་སྨན་བཅོས་ལམ་ལུགས་སྒྱུར་བཅོས་ལག་བསྟར་བྱེད་འགོ་བཙུགས་ཚུན་མཚོ་སྔོན་གྱིས་སྨན་བཅོས་སྒྱུར་བཅོས་ཀྱི་མ་དངུལ་སྒོར་དུང་ཕྱུར་290ཙམ་བཏང་ནས་སྨན་བཅོས་འགན་བཅོལ་དང་། སྨན་རྫས། སྨན་བཅོས་བཅས“སྨན་གསུམ་མཉམ་འགུལ”གྱི་དམིགས་ཚད་ལ་དམ་པོར་དམིགས་ཏེ་ཞིང་ཆེན་དེ་ཡོངས་སུ་ཁྱབ་པའི་གཞི་རྩའི་སྨན་བཅོས་འགན་ལེན་དང་། སྨན་མཁོ་སྤྲོད་འགན་ལེན། སྨན་བཅོས་ཞབས་ཞུ་དང་སྤྱི་པའི་འཕྲོད་བསྟེན་ཞབས་ཞུའི་མ་ལག་བཅས་རགས་ཙམ་བཙུགས་ཐུབ་ནས་གཞི་རིམ་གྱི་སྨན་བཅོས་སྒྲིག་གཞིའི“སྨན་ཟས་ནས་སྨན་པ་མི་བསྟེན་པའི”ལོ་རྒྱུས་མཇུག་འགྲིལ་བ་རེད།
         མིག་སྔར་མཚོ་སྔོན་ཞིང་ཆེན་གྱི་གྲོང་ཚོའི་འཕྲོད་བསྟེན་ཁང་4243དང་ཤང་གྲོང་གི་འཕྲོད་བསྟེན་ཁང་དང་སྡེ་ཁུལ་གྱི་འཕྲོད་བསྟེན་ཞབས་ཞུའི་ལྟེ་གནས་443ཡོད་པ་ཚང་མས་གཞི་རྩའི་སྨན་རྫས་ལམ་ལུགས་ལག་བསྟར་བྱས་ཏེ་བར་ཁྱད་མེད་པའི་ཕྱིར་ཚོང་བྱེད་ཐུབ་པ་བྱུང་ཡོད། རྫོང་རིམ་པ་ཡན་གྱི་སྨན་བཅོས་སྒྲིག་གཞིས་90%དང་80%སོ་སོར་གཞིགས་ཏེ་གཞི་རྩའི་སྨན་བཅོས་ལམ་ལུགས་ཁྱོན་ཡོངས་ནས་བཀོད་སྒྲིག་བྱས་པ་དང་འབྲེལ་སྤྱོད་ཚད་ཀྱང་ལུགས་མཐུན་ངང་མཐོ་རུ་བཏང་ཡོད།
         མི་འབོར་ཉུང་བ་དང་སྨན་སྤྱོད་རྒྱ་ཆུང་བའི་དོན་དངོས་ལ་གཞིགས་ཏེ་མཚོ་སྔོན་ཞིང་ཆེན་གྱིས་སྨན་ཉོ་སྒྲུབ་ཀྱི་ལས་་འགན་སྤྲོད་པའི་ལམ་སྲོལ་གསར་པ་འཚོལ་ཞིབ་བྱས་ནས་བཙུགས་ཏེ་གཞི་རྩའི་སྨན་ཡིན་མིན་ཅི་རིགས་དང་། སྤྱིར་བཏང་གི་སྨན་སྤྱོད་ཟད་གྲོན་རྒྱུ་ཆ་དང་། རིན་གོང་མཐོ་བའི་སྨན་བཅོས་ཟད་གྲོན་རྒྱུ་ཆ་ཡོངས་རྫོགས་ཞིང་ཆེན་རིམ་པས་གཅིག་སྡུད་ཉོ་སྒྲུབ་བྱས་པས་སྨན་གྱི་རིན་གོང་བར་མའི་གོང་ཚད་ཆེས་ཆེར་ཆག་པ་རེད།
         དེ་དང་ཕྱོགས་མཚུངས་མཚོ་སྔོན་གྱིས་སྨན་བཅོས་ལམ་ལུགས་སྒྱུར་བཅོས་ཀྱི་བྱ་ཐབས་ཁག་ལ་ཁྱོན་ཡོངས་ནས་སྐུལ་འདེད་བཏང་སྟེ་སྒྱུར་བཅོས་བྱས་པ་ལས་ཁྱོན་ཡོངས་ལ་ཕན་ཐོགས་སྔར་བས་ཆེ་བ་བྱུང་ཡོད། 2014ལོར་མཚོ་སྔོན་ཞིང་ཆེན་གྱི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཡུལ་མིའི་སྨན་བཅོས་འགན་བཅོལ་སྲིད་ཇུས་ཁྱབ་ཁོངས་ནང་སྨན་ཁང་དུ་སྡོད་པའི་འགྲོ་གྲོན་གཏོང་སྤྲོད་ཀྱི་བསྡུར་ཚད་དེ་76%བར་མཐོ་རུ་སོང་ནས་ནད་ཆེན་ཕོག་པའི་ནད་པ་ཁྱོན་ཁྲི་11.75ལ་སྨན་བཅོས་འགན་བཅོལ་གྱི་འགྲོ་གྲོན་སྒོར་དུང་ཕྱུར་4.75བཏང་བ་དང་དཀའ་ངལ་ཡོད་པའི་མང་ཚོགས་ཁྲི་13.06ལ་སྨན་བཅོས་རོགས་སྐྱོབ་ཀྱི་འགྲོ་གྲོན་སྒོར་དུང་ཕྱུར་2.49བཏང་སྟེ་སྨན་རྫས་ཀྱི་འོས་སྐུལ་འོད་དཔོད་ཀྱི་གོང་ཚད་ཆ་སྙོམས་50%ཆག་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།