འཚོལ་བཤེར།   
藏文频道
2015ལོའི་ཟླ་2ཚེས་12ཉིན།
  • མི་དམངས་དྲ་བ།

    ༄༅།།དགེ་བཤེས་ཤེས་རབ་རྒྱ་མཚོ་འཇམ་དཔལ་དགྱེས་པའི་བློ་གྲོས་མཆོག་རྗེས་སུ་དྲན་པ།

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 02ཚེས་12ཉིན། 13:49】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         ལྷན་སྐྱེས་རིག་པའི་མེ་འབར་བས། །བཀྲ་ཤིས་འཁྱིལ་བའི་དེད་དཔོན་མཆོག །གུང་ཐང་ཆེན་པོའི་ལུང་བསྟན་བཞིན། །ལྷ་ལྡན་ཆོས་ཀྱི་ཚལ་ལ་ཕེབས། །འོག་མིན་གཉིས་པ་འབྲས་སྤུངས་སུ། །རྟག་ཏུ་ངུ་ཡིས་ཆོས་འཕགས་བཞིན། །མཚན་ལྡན་བླ་མའི་ཞབས་ཀྱི་རྡུལ། །སྤྱི་བོ་མཛེས་བྱེད་རྒྱན་དུ་བླངས། །གུས་རྟག་བརྩོན་པའི་གཞུ་བདུངས་པས། །མདོ་སྔགས་རིག་གནས་ཀྱིས་མཚོན་པའི། །ཤེས་བྱའི་རི་དྭགས་ཡར་མའི་ཚོགས། །ཁྱོད་ཐུགས་ནགས་མའི་ཚལ་ལ་བྲོས། །སྨོན་ལམ་ཆེན་མོའི་གྲྭ་སྐོར་ལ། །ཕྱོགས་གླང་ཆོས་གྲགས་ཕེབས་སྙམ་བཞིན། །རིགས་པའི་གད་རྒྱངས་ཆེར་བསྒྲགས་ཏེ། །མཁས་རྒུའི་རལ་བ་རྡོག་པས་མནན། །ཤེས་རབ་གདེངས་ཀ་ལ་འཁྱིལ་བའི། །རིག་པའི་རྒྱ་མཚོ་འཕྱུར་བ་ལས། །འཆད་རྩོད་རྩོམ་པའི་རྦ་རླབས་རྩེན། །མཁས་བཙུན་བཟང་བའི་མེ་ཏོག་ཐོར། །ལྷ་ལྡན་ཀུན་གསལ་ལམ་ཡངས་ན། །མཁས་མང་རྒྱུ་སྐར་བཀྲ་ན་ཡང་། །ཁྱོད་ཐུགས་ཉི་མ་སྟོང་འབར་བས། །ཐམས་ཅད་སྐད་ཅིག་ཟིལ་གྱིས་མནན། །ལྷག་པར་འགྲན་མེད་སྤངས་རྟོགས་ཀྱི། །ཡོན་ཏན་ཟླ་ཟེར་འཕྲོས་པ་ཡིས། །འཕགས་མཆོག་གངས་རིའི་མགོན་པོ་ཡི། །ཐུགས་ཀྱི་ཀུ་མུད་འདབ་མ་འཛུམ། །གང་གི་བཀའ་གསུང་བདུད་རྩི་ཡིས། །ཐུགས་རྒྱུད་བརླན་ནས་གངས་ཅན་གྱི། །ལག་ལྡན་དབང་བོ་བུ་སྟོན་གྱི། །གསུང་འབུམ་ཚིག་དོན་དག་པར་བྱས། །གཞན་ཡང་ཟླ་མེད་སྟོན་པ་ཡི། །གསུང་དང་དེ་ཡི་དགོངས་འགྲེལ་གྱི། །བསྟན་བཅོས་བོད་དུ་འགྱུར་རོ་ཅོག །བསྲེགས་བཅད་བརྡར་བའི་གསེར་དུ་བསྒྱུར། །སྔོན་ཚེ་གཟུགས་ཅན་སྙིང་བོ་ཡིས། །སྟོན་པ་མཆོག་གི་ཞབས་ལ་བཞིན། །དྲེགས་ལྡན་གོ་མིན་ཏང་གི་རྗེས། །རལ་བ་ཁྱོད་ཀྱི་གདན་དུ་བཏིངས། །ཁྱོད་ཀྱི་ཐབས་མཁས་མཛད་པ་ཡི། །ངོ་མཚར་རྨད་བྱུང་རྣམ་ཐར་ལ། །ཅིག་ཤོས་དེ་ཡི་གཙོ་འཛིན་ཡང་། །དགྱེས་ནས་བསྔགས་བརྗོད་མེ་ཏོག་ཐོར། །གཏུམ་དྲག་དཔུང་གི་མཚོན་ཁ་ནས། །ཉམས་ཆུང་དག་གི་སྲོག་བསྐྱབས་ནས། །སེམས་ཅན་བདེ་ལ་འགོད་པ་ལ། །སེམས་དཔའ་ཁྱོད་ནི་ལྷག་ཏུ་དཔའ། །མུན་པ་སྟུག་པོར་འཐིབ་པ་ཡི། །དཀར་ནག་ལྡོག་པའི་མུན་བསྐལ་ལའང་། །འབྱུང་བོ་ཁྲོས་པའི་རྡེག་འཚོག་གི །ལན་དུ་བྱམས་དང་སྙིང་རྗེ་སྦྱིན། །ཁྱོད་ཀྱི་མཛད་འཕྲིན་རི་རབ་ཀྱི། །ས་ཁྱོན་ཉི་ཟླས་གཞལ་མིན་ན། །སྲིན་བུ་མིག་མེད་བདག་ལྟ་བུའི། །གཞལ་བྱའི་གནས་ལྟ་ག་ལ་ཞིག །དེ་ལྟ་ན་ཡང་ཁོ་བོ་ཡི། །ཀུན་སློང་རྙོག་མེད་པད་མའི་མཚོ། །ལྟེམ་མེར་འཁྱིལ་ལས་ལྷུང་ལྷུང་རྒྱུན། །འབབ་འདི་དྲན་པའི་གདུང་བའོ། ། ཞེས་ཨོ་རྒྱན་གྱིས་2015ལོའི་ཟླ་2ཚེས་12ཉིན་པེ་ཅིང་ནས་བྲིས། མངྒལཾ། །
      

    ཕྱོགས་བསྡུས་གསར་འགྱུར།