མི་དམངས་དྲ་བ།

༄༅༎ཞི་ཅིན་ཕིང་གིས“རྒྱུད་གཅིག་ལམ་གཅིག”གི་རྒྱལ་སྤྱིའི་མཉམ་ལས་ཀྱི་རིམ་མཐོའི་བརྙན་ལམ་ཚོགས་འདུར་ཡིག་ཐོག་ཤིས་ཚིག་བསྒྲོན་པ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 06ཚེས་20ཉིན། 12:12】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

     ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་གློག་འཕྲིན་འབྱོར་གསལ། ཚེས་18ཉིན། “རྒྱུད་གཅིག་ལམ་གཅིག”གི་རྒྱལ་སྤྱིའི་མཉམ་ལས་ཀྱི་རིམ་མཐོའི་བརྙན་ལམ་ཚོགས་འདུ་པེ་ཅིང་དུ་ལེགས་གྲུབ་ལྡན་པའི་ངང་འཚོགས་པ་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཚོགས་འདུར་ཡིག་ཐོག་ཤིས་ཚིག་བསྒྲོན་པ་རེད།
     ཞི་ཅིན་ཕིང་གིས་གསུངས་དོན། ད་ཐེངས་གློ་བུར་དུ་ཐོན་པའི་རིམས་ནད་ཀྱིས་རྒྱལ་ཁབ་ཁག་གི་མི་དམངས་ཀྱི་ཚེ་སྲོག་བདེ་འཇགས་དང་གཟུགས་གཞི་བདེ་ཐང་ལ་འཇིགས་སྣང་ཚབས་ཆེན་བཟོས་པ་དང་། འཛམ་གླིང་གི་དཔལ་འབྱོར་ལ་རྡབ་རྡེག་ཚབས་ཆེན་ཕོག་ཡོད། རྒྱལ་ཁབ་ཁ་ཤས་དང་ལྷག་པར་དུ་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་ལ་དཀའ་ངལ་ཚབས་ཆེན་འཕྲད་ཡོད། རིམས་ནད་ལ་ཁ་གཏད་གཅོག་ཆེད། རྒྱལ་ཁབ་ཁག་གིས་རང་ངོས་ཀྱི་རྒྱལ་བབ་ལ་གཞིགས་པ་དང་སྔོན་འགོག་དང་ཚོད་འཛིན་གྱི་བྱ་ཐབས་ནུས་ལྡན་སྤྱད་པ་བརྒྱུད། དགེ་མཚན་ལྡན་པའི་གྲུབ་འབྲས་ཐོབ་ཡོད། རྒྱལ་ཁབ་མང་པོ་ཞིག་གིས་རིམས་ནད་སྔོན་འགོག་དང་ཚོད་འཛིན་ཡག་པོ་བྱེད་པ་དང་ཆབས་ཅིག་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་སླར་གསོ་ཧུར་ཐག་བྱེད་བཞིན་ཡོད། ཀྲུང་གོས་མི་དམངས་དང་ཚེ་སྲོག་གོང་དུ་བཀུར་རྒྱུ་མཐའ་འཁྱོངས་བྱས་ཏེ་གོ་ལ་ཧྲིལ་པོ་སྔ་ཙམ་རིམས་ནད་ལས་རྣམ་པར་རྒྱལ་བ་དང་འཛམ་གླིང་གི་དཔལ་འབྱོར་སླར་གསོ་ཡོང་བར་སྐུལ་འདེད་གཏོང་ཆེད་ལེགས་སྐྱེས་འབུལ་འདོད་ཡོད།
     ཞི་ཅིན་ཕིང་གིས་གསུངས་དོན། རིམས་ནད་ཀྱིས་ང་ཚོར་བློ་སྒོ་གཏིང་ཟབ་ཐེངས་མང་ཕྱེ་ཡོད། རྒྱལ་ཁབ་ཁག་གི་ལས་དབང་དམ་པོར་འབྲེལ་བས། མིའི་རིགས་ནི་ཕྱར་བ་གྲུ་འདེགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་ཅིག་རེད། རིམས་ནད་ལ་ཁ་གཏད་གཅོག་པའམ་ཡང་ན་དཔལ་འབྱོར་སླར་གསོ་བྱེད་པ་གང་ཞིག་ཡིན་རུང་། ཚང་མ་མཐུན་སྒྲིལ་མཉམ་ལས་ཀྱི་ལམ་དུ་བསྐྱོད་དགོས་པ་དང་། ཚང་མས་ཕྱོགས་མང་རིང་ལུགས་མཐའ་འཁྱོངས་བྱེད་དགོས། མཉམ་སྦྲེལ་མཉམ་མཐུད་ལ་སྐུལ་འདེད་དང་སྒོ་དབྱེ་བསྟུན་མཁས་མཐའ་འཁྱོངས་བྱེད་པ་ནི། གོ་ལ་ཧྲིལ་པོའི་རང་བཞིན་གྱི་ཉམས་ཉེན་ལ་ཁ་གཏད་གཅོག་པ་དང་ཕུགས་ཀྱི་འཕེལ་རྒྱས་མངོན་འགྱུར་བྱེད་པའི་ལྡོག་མེད་ཀྱི་ལམ་བུ་ཞིག་ཡིན་པས། “རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་རྒྱལ་སྤྱིའི་མཉམ་ལས་ཀྱིས་ནུས་པ་གལ་ཆེན་འདོན་ཐུབ།
     ཞི་ཅིན་ཕིང་གིས། ཀྲུང་གོས་ཐོག་མཐའ་བར་གསུམ་དུ་ཞི་བདེ་འཕེལ་རྒྱས་མཐའ་འཁྱོངས་དང་གཉིས་ཕན་གཉིས་ཁེ་མཐའ་འཁྱོངས་བྱེད་ཀྱི་ཡོད། ང་ཚོས་མཉམ་ལས་རོགས་ཟླ་དང་མཉམ་དུ“རྒྱུད་གཅིག་ལམ་གཅིག”དེ་མཐུན་སྒྲིལ་ལ་བརྟེན་ནས་འགྲན་སློང་ལ་ཁ་གཏད་གཅོག་པའི་མཉམ་ལས་ཀྱི་ལམ་བུ་དང་། མི་དམངས་ཀྱི་བདེ་ཐང་བདེ་འཇགས་སྲུང་སྐྱོང་བྱེད་པའི་བདེ་ཐང་གི་ལམ་བུ། དཔལ་འབྱོར་དང་སྤྱི་ཚོགས་སླར་གསོ་ཡོང་བར་སྐུལ་འདེད་གཏོང་བའི་སླར་གསོའི་ལམ་བུ། འཕེལ་རྒྱས་ཀྱི་མི་མངོན་པའི་སྟོབས་ཤུགས་འདོན་སྤེལ་བྱེད་པའི་འཕར་བའི་ལམ་བུ་བཅས་སུ་གཏོད་འདོད་ཡོད་ལ། སྤུས་ཚད་མཐོ་བའི་སྒོ་ནས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་བྱེད་པ་བརྒྱུད། མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་གཏོད་རྒྱུར་མཉམ་དུ་སྐུལ་འདེད་གཏོང་འདོད་ཡོད་ཅེས་ནན་བཤད་གནང་བ་རེད།
     ད་ཐེངས་ཀྱི་ཚོགས་འདུ་དེ་ཀྲུང་གོའི་ཕྱི་འབྲེལ་པུའུ་དང་། འཕེལ་སྒྱུར་ཨུ་ལྷན། ཚོང་དོན་པུའུ། འཕྲོད་བསྟེན་བདེ་ཐང་ཨུ་ལྷན་བཅས་ཀྱིས་ཐུན་མོང་ཐོག་གཉེར་བ་ཞིག་ཡིན་ཞིང་། དེའི་བརྗོད་དོན་གཙོ་བོ་ནི“‘རྒྱུད་གཅིག་ལམ་གཅིག’གི་རྒྱལ་སྤྱིའི་མཉམ་ལས་ལ་ཤུགས་སྣོན་བརྒྱབ་ནས་ཏོག་གསར་གློ་ཚད་རིམས་ནད་མཉམ་དུ་འགོག་རྒོལ་བྱེད”ཅེས་པ་དེ་རེད། རྒྱལ་ཁབ་25ཡི་ཕྱི་འབྲེལ་པུའུ་ཀྲང་ངམ་ཡང་ན་པུའུ་ཀྲང་རིམ་པའི་དཔོན་རིགས་དང་དེ་བཞིན་འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱི་སྤྱི་ཁྱབ་ཀན་ཧྲི་ཐན་ཏེ་སའེ་དང་། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཆེ་གཞོན་པ་དང་མཉམ་འབྲེལ་རྒྱལ་ཚོགས་གསར་སྤེལ་འཆར་གཞི་ཧྲུའི་ཧྲུའུ་ཀྲང་གཅིག་ལྕོགས་ཡིན་པའི་ཧྲི་ཐའེ་ན་ཚོགས་འདུར་ཞུགས་ཡོད་པ་དང་། ད་དུང་ཚོགས་འདུའི་ཐོག་མཉམ་འབྲེལ་གསལ་བསྒྲགས་སྤེལ་བ་རེད།

  
style="display:none;"