མི་དམངས་དྲ་བ།

༄༅།།ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཀྲུང་ལོའི་རིམས་འགོག་
མཉམ་ལས་ཐད་ལོ་སིའི་མི་དམངས་གསར་བརྗེ་ཏང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་རྒྱལ་ཁབ་ཀྱི་ཀྲུའུ་
ཞི་པིན་དབྱང་དང་འཚམས་འདྲི་ཞུ་རེས་གནང་བ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 06ཚེས་17ཉིན། 10:21】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

    ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་6ཚེས་15ཉིན་གློག་འཕྲིན་འབྱོར་གསལ། གོང་ཚེས་ཉིན། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཀྲུང་ལོའི་རིམས་འགོག་མཉམ་ལས་ཐད་ལོ་སིའི་མི་དམངས་གསར་བརྗེ་ཏང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་རྒྱལ་ཁབ་ཀྱི་ཀྲུའུ་ཞི་པིན་དབྱང་ལ་ངག་འཕྲིན་སྤྲིངས་གནང་བ་རེད།
    ཞི་ཅིན་ཕིང་གིས། བློ་མཐུན་སྤྱི་ཁྱབ་ཧྲུའུ་ཅིའི་སྤྲོ་སེམས་འཁོལ་ཞིང་མཛའ་གྲོགས་ལྡན་པའི་འཕྲིན་ཡིག་འབྱོར་བས་ཧ་ཅང་དགའ་པོ་བྱུང་ལ། ཀྲུང་གོས་ལོ་སིའི་རིམས་འགོག་ལ་རོགས་སྐྱོར་བྱས་པར་ནུས་པ་ཡག་པོ་ཐོན་པ་ཤེས་པས་བློ་བདེ་པོ་བྱུང་། ངས་འདིར་ཀྲུང་གོའི་ཏང་དང་། སྲིད་གཞུང་། མི་དམངས་བཅས་ཀྱི་ཚབ་ཞུས་ནས་ལོ་སི་ཕྱོགས་ཀྱིས་བློ་མཐུན་སྤྱི་ཁྱབ་ཧྲུའུ་ཅིས་གཙོས་པའི་ལོ་སིའི་ཏང་ཀྲུང་དབྱང་གི་སྲ་ཞིང་བརྟན་པའི་འགོ་ཁྲིད་འོག་རིམས་ནད་སྔོན་འགོག་དང་ཚོད་འཛིན་ལས་དོན་ལ་དུས་མཚམས་རང་བཞིན་གྱི་རྒྱལ་ཁ་ཐོབ་པར་སྙིང་ཐག་པ་ནས་རྟེན་འབྲེལ་ཞུ་རྒྱུ་ཡིན། ཀྲུང་གོ་ཕྱོགས་ཀྱིས་ལོ་སི་ཕྱོགས་དང་མཉམ་དུ་རིམས་འགོག་མཉམ་ལས་བྱེད་ཤུགས་ཆེ་རུ་གཏོང་འདོད་ཡོད། ཀྲུང་ལོ་ཕྱོགས་གཉིས་དང་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་ཐུན་མོང་གི་འབད་འཐབ་འོག་ད་ཐེངས་ཀྱི་རིམས་འགོག་འཐབ་རྩོད་ལ་མཐའ་མའི་རྒྱལ་ཁ་ཐོབ་ངེས་རེད།
    ངས་ཀྲུང་ལོའི་ཏང་གཉིས་དང་རྒྱལ་ཁབ་གཉིས་དབར་གྱི་འབྲེལ་བ་འཕེལ་རྒྱས་གཏོང་རྒྱུར་མཐོང་ཧ་ཅང་ཆེན་པོ་བྱེད་ཀྱི་ཡོད། ཁྱེད་དང་མཉམ་དུ་འབད་བརྩོན་བྱས་ནས་ཕྱོགས་གཉིས་དབར་གྱི་ཐུན་མོང་ངོས་འཛིན་གལ་ཆེན་དག་དོན་འཁྱོལ་ཡག་པོ་ཐུབ་རྒྱུར་སྐུལ་འདེད་གཏོང་བ་དང་ཆབས་ཅིག་ཀྲུང་ལོའི་ལས་དབང་གཅིག་མཐུན་འདུས་གྲུབ་འཛུགས་རྒྱུར་ཡང་སྐུལ་འདེད་བརྟན་པོ་བཏང་ནས། རྒྱལ་ཁབ་གཉིས་དང་རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་བདེ་སྐྱིད་སྔར་བས་མང་བ་སྐྲུན་འདོད་ཡོད་ཅེས་བསྟན་པ་རེད།
    དེའི་གོང་། པིན་དབྱང་གིས་ཀྲུང་གོས་ལོ་སིའི་ཏོག་གསར་གློ་ཚད་རིམས་ནད་འགོག་རྒོལ་ལས་དོན་ལ་རྒྱབ་སྐྱོར་བྱས་པར་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ལ་ཐུགས་རྗེ་ཆེ་ཞུ་བའི་འཕྲིན་ཡིག་བཏང་ཞིང་། པིན་དབྱང་གིས། ལོ་སི་ཕྱོགས་ཀྱི་རེ་ཞུས་ལྟར། ཀྲུང་གོའི་ཏང་དང་སྲིད་གཞུང་གིས་བློ་མཐུན་སྤྱི་ཁྱབ་ཧྲུའུ་ཅིའི་མཛུབ་སྟོན་གཞིར་བཟུང་འཕྲལ་དུ་རིམས་འགོག་སྨན་བཅོས་རིགས་གཅིག་མཁས་ཅན་ཚོགས་ཆུང་ལོ་སིར་བཏང་བ་མ་ཟད། ད་དུང་རིམས་འགོག་དངོས་ཟོག་དང་སྐྱོབ་བཅོས་སྨན་རྫས་འབོར་ཆེན་མཁོ་འདོན་བྱས་ནས། ལོ་སིར་རིམས་ནད་སྔོན་འགོག་ཚོད་འཛིན་དང་ནད་པ་སྐྱོབ་བཅོས་ལས་དོན་སྤེལ་རོགས་བྱས་བྱུང་། ཀྲུང་གོས་ལོ་སིའི་རིམས་འགོག་ལས་དོན་ལ་རོགས་སྐྱོར་བྱས་པ་དེའི་ཐོག་ནས་ལོ་ཀྲུང་ཏང་གཉིས་དང་། རྒྱལ་ཁབ་གཉིས། རྒྱལ་ཁབ་གཉིས་ཀྱི་མི་དམངས་བཅས་དབར་གྱི་ལོ་རྒྱུས་ཡུན་རིང་ལྡན་ལ་མཛའ་བརྩེ་ཟབ་མོ་དང་བློ་མཐུན་གཅེན་གཅུང་ལྟ་བུའི་མཉམ་ལས་རོགས་རེས་ཀྱི་འབྲེལ་བ་གང་ལེགས་མཚོན་ཡོད་པ་མ་ཟད། ད་དུང་ལོ་ཀྲུང་གི་ལས་དབང་གཅིག་མཐུན་འདུས་གྲུབ་ཀྱི་དགོངས་དོན་ལ་ཡང་གསོན་ཉམས་ལྡན་པའི་སྒོ་ནས་འགྲེལ་བཤད་བརྒྱབ་སྟེ། ལོ་སིས་ཏོག་གསར་གློ་ཚད་རིམས་ནད་ལ་ཁ་གཏད་ནུས་ལྡན་བཅག་ནས་མི་དམངས་ཀྱི་ཚེ་སྲོག་བདེ་འཇགས་དང་གཟུགས་གཞི་བདེ་ཐང་སྲུང་སྐྱོང་བྱ་རྒྱུར་ལེགས་སྐྱེས་གལ་ཆེན་ཕུལ་ཡོད་ཅེས་གསུངས་པ་རེད།

  
style="display:none;"