མི་དམངས་དྲ་བ།

༄༅༎ཞི་ཅིན་ཕིང་གིས་དམག་ཡོངས་ཀྱི་འཐབ་ཇུས་དོ་དམ་གྱི་མཉམ་སྡེབ་སྦྱོང་བརྡར་ཐད་མཛུབ་སྟོན་གལ་ཆེན་གནང་བ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 06ཚེས་20ཉིན། 12:14】  

༄༅༎ཞི་ཅིན་ཕིང་གིས་དམག་ཡོངས་ཀྱི་འཐབ་ཇུས་དོ་དམ་གྱི་མཉམ་སྡེབ་སྦྱོང་བརྡར་ཐད་མཛུབ་སྟོན་གལ་ཆེན་གནང་སྟེ། དམིགས་ཚད་ཀྱི་ཕྱོགས་སྟོན་དང་། གནད་དོན་གྱི་ཕྱོགས་སྟོན། མཇུག་འབྲས་ཀྱི་ཕྱོགས་སྟོན་བཅས་མཐའ་འཁྱོངས་བྱས་ཏེ་འཐབ་ཇུས་དོ་དམ་གྱི་ཆུ་ཚད་མཐོ་རུ་གཏོང་བ་དང་། རང་རེའི་དམག་དཔུང་འཛུགས་སྐྱོང་སྤུས་ཚད་མཐོ་བའི་གོང་འཕེལ་འགྲོ་རྒྱུར་སྐུལ་འདེད་གཏོང་དགོས་ཞེས་ནན་བཤད་གནང་བ།
     ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་6ཚེས་18ཉིན་གློག་འཕྲིན་འབྱོར་གསལ། ཉེ་ཆར། ཀྲུང་དབྱང་དམག་ཨུད་ཀྱི་ཆོག་མཆན་ཐོབ་པ་བརྒྱུད། དམག་ཡོངས་ཀྱི་འཐབ་ཇུས་དོ་དམ་གྱི་མཉམ་སྡེབ་སྦྱོང་བརྡར་དེ་བརྙན་འཕྲིན་ཚོགས་འདུ་བརྒྱུད་ནས་གཉེར་བ་རེད། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་མཛུབ་སྟོན་གལ་ཆེན་གནང་ཞིང་། ཁོང་གིས། དམག་ཡོངས་ཀྱི་འཐབ་ཇུས་དོ་དམ་གྱི་མཉམ་སྡེབ་སྦྱོང་བརྡར་གཉེར་བར་དོན་སྙིང་ཧ་ཅང་ཆེན་པོ་ལྡན་པར་བརྟེན། སྒྲིག་འཛུགས་ཞིབ་ཚགས་བྱེད་དགོས། དམིགས་ཚད་ཀྱི་ཕྱོགས་སྟོན་དང་། གནད་དོན་གྱི་ཕྱོགས་སྟོན། མཇུག་འབྲས་ཀྱི་ཕྱོགས་སྟོན་བཅས་མཐའ་འཁྱོངས་བྱས་ཏེ་དོ་དམ་གྱི་འདུ་ཤེས་གསར་སྒྱུར་དང་འཐབ་ཇུས་ཀྱི་བྱང་ཚད་མཐོར་གཏོང་ཧུར་ཐག་བྱེད་པ་དང་། འཐབ་ཇུས་དོ་དམ་གྱི་ལམ་ལུགས་དང་ལམ་སྲོལ་འཐུས་སྒོ་ཚང་དུ་ཧུར་ཐག་གཏོང་བ། རང་རེའི་དམག་དཔུང་འཛུགས་སྐྱོང་གི“ལོ་ལྔ་ཚན་བཅུ་གསུམ་པའི”འཆར་འགོད་དོན་འཁྱོལ་དང“ལོ་ལྔ་ཚན་བཅུ་བཞི་པའི”འཆར་འགོད་འདིང་རྒྱུར་སྐུལ་འདེད་ཧུར་ཐག་གཏོང་བ་བཅས་བྱེད་དགོས། དམག་ཨུད་ལས་ཁུངས་ཀྱི་སྡེ་ཚན་ཁག་དང་ཚན་པ་ཆེ་གྲས་ཁག་གིས་མཉམ་སྡེབ་སྦྱོང་བརྡར་གྱི་གྲུབ་འབྲས་སློབ་སྦྱོང་དང་བེད་སྤྱོད་གང་ལེགས་བྱས་ནས་འཐབ་ཇུས་དོ་དམ་གྱི་ཆུ་ཚད་མཐོ་རུ་ཧུར་ཐག་བཏང་སྟེ་རང་རེའི་དམག་དཔུང་འཛུགས་སྐྱོང་སྤུས་ཚད་མཐོ་བའི་གོང་འཕེལ་འགྲོ་རྒྱུར་སྐུལ་འདེད་ཟམ་མི་ཆད་པར་གཏོང་དགོས་ཞེས་ནན་བཤད་གནང་བ་རེད།
     ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་གཞོན་པ་ཞུས་ཆི་ལེང་དང་ཀྲང་ཡིའུ་ཞ་དང་། ཀྲུང་དབྱང་དམག་ཨུད་ཀྱི་ཨུ་ཡོན་ཝེ་ཧྥུང་ཧོ། ལི་ཙུའོ་ཁྲེང་། མེའོ་ཧྭ། ཀྲང་ཧྲེན་མིན་བཅས་མཉམ་སྡེབ་སྦྱོང་བརྡར་བྱེད་སྒོའི་ནང་ཞུགས་ཤིང་། དམག་ཨུད་ལས་ཁུངས་ཀྱི་སྡེ་ཚན་ཁག་དང་ཚན་པ་ཆེ་གྲས་ཁག་གི་འབྲེལ་ཡོད་འགོ་ཁྲིད་སོགས་ཚོགས་ར་གཙོ་བོ་དང་ཡན་ལག་ཚོགས་ར་སོ་སོར་སྦྱོང་བརྡར་ནང་ཞུགས་པ་རེད།

  
style="display:none;"