མི་དམངས་དྲ་བ།

༄༅༎ཀྲུང་གུང་ཀྲུང་དབྱང་གིས《ཀྲུང་གོ་གུང་ཁྲན་ཏང་གི་འགན་འཁྲི་བདའ་འདེད་སྲོལ་ཡིག》བཀྲམ་པ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 09ཚེས་06ཉིན། 12:04】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

     ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་9ཚེས་4ཉིན་གློག་འཕྲིན་འབྱོར་གསལ། ཉེ་ཆར། ཀྲུང་གུང་ཀྲུང་དབྱང་གིས་བཟོ་བཅོས་བརྒྱབ་རྗེས་ཀྱི《ཀྲུང་གོ་གུང་ཁྲན་ཏང་གི་འགན་འཁྲི་བདའ་འདེད་སྲོལ་ཡིག》(གཤམ་དུ《སྲོལ་ཡིག》ཅེས་བསྡུ་རྒྱུ)བཀྲམ་པ་མ་ཟད་བརྡ་ཐོའང་བཏང་ནས་ས་ཁུལ་ཁག་དང་སྡེ་ཚན་ཁག་གིས་དེ་གཞིར་བཟུང་ལག་ལེན་ནན་ཏན་བསྟར་དགོས་པའི་བླང་བྱ་བཏོན་པ་རེད། 
     བརྡ་ཐོའི་ནང་། 2016ལོའི་ཟླ་7པར་ཀྲུང་གུང་ཀྲུང་དབྱང་གིས་བཀྲམ་པའི《ཀྲུང་གོ་གུང་ཁྲན་ཏང་གི་འགན་འཁྲི་བདའ་འདེད་སྲོལ་ཡིག》ལས་ཏང་གི་འགན་འཁྲི་བདའ་འདེད་ལས་དོན་ལ་ལམ་ལུགས་ཀྱི་གཞི་འཛིན་ས་མཁོ་འདོན་བྱུང་བ་དང་། འགན་འཛོལ་ལ་ངེས་པར་དུ་བདའ་འདེད་དང་འགན་འཁྲི་བདའ་འདེད་ངེས་པར་དུ་ནན་པོ་བྱེད་རྒྱུ་དེ་རྒྱུན་རྣམ་དུ་འགྱུར་རྒྱུར་སྐུལ་འདེད་ཐེབས་ཏེ་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བའི་མཚོན་ཆ་རྣོན་པོའི་ནུས་པ་བཏོན་ཡོད། དུས་བབ་དང་། ལས་འགན། བླང་བྱ་བཅས་གསར་པ་གཞིར་བཟུང་། ཏང་ཀྲུང་དབྱང་གིས《སྲོལ་ཡིག》ལ་བཟོ་བཅོས་བརྒྱབ་ཡོད་ཅེས་བསྟན་པ་རེད། 
     བརྡ་ཐོའི་ནང་། ད་ཐེངས་བཟོ་བཅོས་བརྒྱབ་པའི་《སྲོལ་ཡིག》ནང་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་དང་ཏང་གི་སྒྲིག་ཡིག་རྩ་བའི་གཞི་འཛིན་སར་བཟུང་སྟེ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཏང་ཀྲུང་དབྱང་གི་སྲོག་ཤིང་དང་ཏང་ཡོངས་ཀྱི་སྲོག་ཤིང་གནས་བབ་ལ་སྲུང་སྐྱོང་མཐའ་གཅིག་ཏུ་བྱེད་པ་དང་། ཏང་ཀྲུང་དབྱང་གི་དབང་གྲགས་དང་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་ལ་སྲུང་སྐྱོང་མཐའ་གཅིག་ཏུ་བྱེད་རྒྱུ་དེ་གཞི་རྩའི་རྩ་དོན་དང་ལས་འགན་ཨང་དང་པོར་བརྩི་བ། ཏང་ལ་དོ་དམ་དང་ཏང་སྐྱོང་བའི་ཆབ་སྲིད་ཀྱི་འགན་འཁྲིར་དམིགས་པ། ནན་པོ་ཨང་དང་པོར་འཇོག་རྒྱུ་མཐའ་འཁྱོངས། ལག་ལེན་ཁྲོད་ཐོན་པའི་འགན་འཁྲི་བདའ་འདེད་ནན་པོ་མེད་པ་དང་སྟབས་བདེ་རུ་གཏོང་བ་སོགས་ཀྱི་གནད་དོན་ལ་དམིགས་པ་བཅས་བྱས་ཏེ་ཏང་གི་འགན་འཁྲི་བདའ་འདེད་ལས་དོན་གྱི་ཆབ་སྲིད་རང་བཞིན་དང་། གནད་སྨིན་རང་བཞིན། དངོས་ཕན་རང་བཞིན་བཅས་ཆེ་རུ་ནུས་ལྡན་བཏང་ཡོད་ཅེས་ནན་བཤད་བྱས་པ་རེད། 
     བརྡ་ཐོའི་ནང་། རིམ་ཁག་ཏང་ཨུད(ཏང་ཙུའུ)ཀྱིས“འདུ་ཤེས་བཞི”ཟབ་གཏོང་དང་། “གདེང་ཚོད་བཞི”བརྟན་གཏོང་། “སྲུང་སྐྱོང་གཉིས”ཐུབ་པ་བཅས་བྱས་ཏེ་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བའི་ཆབ་སྲིད་ཀྱི་འགན་འཁྲི་ཕྲག་ཏུ་ཁུར་བ་དང་། དབང་ཡོད་ན་འགན་ཡོད་པ་དང་། འགན་ཡོད་ན་འཁུར་ཕོད་པ། འགན་འཛོལ་ན་རྩད་གཅོད་བྱེད་ངེས་བཅས་མཐའ་འཁྱོངས་ཀྱིས་ལམ་ལུགས་ཀྱི་གཅུན་པའི་རང་བཞིན་ཆགས་པ་བྱེད་དགོས། 《སྲོལ་ཡིག》སློབ་སྦྱོང་དང་། དྲིལ་བསྒྲགས། ལག་བསྟར་དོན་འཁྱོལ་བཅས་ལ་དམ་འཛིན་ཡག་པོ་བྱས་ཏེ། 《སྲོལ་ཡིག》སློབ་སྦྱོང་ལག་བསྟར་བྱེད་རྒྱུ་དེ་ད་ལྟ་སྤེལ་བཞིན་པའི“ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་བའི”བརྗོད་དོན་གཙོ་བོའི་སློབ་གསོ་དང་ཟུང་འབྲེལ་བྱེད་པ་དང་། ཏང་ཡོན་ལས་བྱེད་པ་སྒྲིག་འཛུགས་ཀྱིས་ཞིབ་བསྡུར་སྐྱོན་བཤེར་བྱས་ནས་《སྲོལ་ཡིག》གི་བླང་བྱ་དག་འགན་འཁུར་ཕོད་པའི་བྱ་སྤྱོད་དུ་ཏན་ཏིག་འགྱུར་བར་བྱེད་དགོས། རིམ་ཁག་སྒྲིག་ཨུད(སྒྲིག་བཤེར་ཚོགས་ཆུང)ཀྱིས་ལྟ་སྐུལ་གྱི་ཆེད་དོན་འགན་འཁྲི་ལག་ལེན་ཡག་པོ་བསྟར་བ་དང་། ཏང་གི་ལས་དོན་ལས་ཁུངས་ཀྱིས་རང་འཁྲིར་གཞི་བཙུགས་ཏེ་འགན་འཁྲི་བདའ་འདེད་གཏོང་ཕོད་པ་དང་འགན་འཁྲི་བདའ་འདེད་གཏོང་མཁས་པོ་བྱས་ནས། ལམ་ལུགས་ཅན་དང་ཚད་ལྡན་ཅན་གྱི་ཆུ་ཚད་མཐོ་རུ་གཏོང་དགོས། རིམ་ཁག་ཏང་ཨུད(ཏང་ཙུའུ)དང་སྒྲིག་ཨུད(སྒྲིག་བཤེར་ཚོགས་ཆུང)ཀྱིས་ལྟ་སྐུལ་ཞིབ་བཤེར་ལ་ཤུགས་སྣོན་བརྒྱབ་ནས། 《སྲོལ་ཡིག》ལག་ལེན་བསྟར་ཚུལ་དེ་སྐོར་གཟིགས་སྐོར་ཞིབ་དང་མངགས་གཏོང་ལྟ་སྐུལ་གྱི་གཙོ་གནད་དུ་བཟུང་སྟེ། 《སྲོལ་ཡིག》གི་གཏན་འབེབས་ཁག་དོན་ཐོག་ཏུ་འཁྱོལ་རྒྱུར་སྐུལ་འདེད་གཏོང་དགོས། ས་ཁུལ་ཁག་དང་སྡེ་ཚན་ཁག་གིས《སྲོལ་ཡིག》ལག་ལེན་བསྟར་སྐབས། གནས་ཚུལ་གལ་ཆེན་དང་གྲོས་འགོ་ཡོད་ཚེ་ཏང་ཀྲུང་དབྱང་ལ་དུས་ཐོག་ཏུ་སྙན་སེང་ཞུ་དགོས་པའི་བླང་བྱ་བཏོན་པ་རེད།

  
style="display:none;"