མི་དམངས་དྲ་བ།

༄༅༎མི་དམངས་ཀྱི་གཙོ་འཛིན་གྱིས་མི་དམངས་ལ་གཅེས།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 08ཚེས་26ཉིན། 10:59】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

     ཟླ་8ཚེས་19ཉིན་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ཀན་སུའུ་རུ་རྟོག་ཞིབ་གནང་བར་ཕེབས་རྒྱུའི་གནས་ཚུལ་ཡོངས་བསྒྲགས་བྱས་རྗེས། ཀན་སུའུ་ཡི་མི་དམངས་ཚང་མས་རེ་སྒུག་ཆེན་པོ་བྱེད་པ་སྟེ། སྤྱི་ཁྱབ་ཧྲུའུ་ཅི་ལགས་མཇལ་རྒྱུ་ཡོང་ངམ། སྤྱི་ཁྱབ་ཧྲུའུ་ཅི་ལགས་དང་ཕྱག་གཏོང་རྒྱུ་ཡོང་ངམ། སྤྱི་ཁྱབ་ཧྲུའུ་ཅི་ལགས་ལ་ཁམས་བདེའི་འཚམས་འདྲི་ཞུ་རྒྱུ་ཡོང་ངམ།
     རྟོག་ཞིབ་གནང་བའི་ཉིན་དང་པོར་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ཏུན་ཧོང་གི་མོ་ཀའོ་བྲག་ཕུག་ཏུ་ཕེབས་སྐབས། དེ་གར་དེ་མ་ཉིད་དུ་འཁྲུག་ཆ་དོད་པོར་གྱུར་ཞིང་། ཕྱོགས་བཞི་མཚམས་བརྒྱད་ནས་ཡོང་བའི་ཡུལ་སྐོར་བ་ཚོས་འཚང་ཁ་ཤིག་ཤིག་ངང་སྤྱི་ཁྱབ་ཧྲུའུ་ཅིའི་མདུན་དུ་བཅར་ཏེ་ཁོང་ལ་ཕྱག་བཏང་ནས“སྤྱི་ཁྱབ་ཧྲུའུ་ཅི་ལགས་སྐུ་ཁམས་བཟང”དང་། “ཀྲུའུ་ཞི་ཞི་ཅིན་ཕིང་ལགས་སྐུ་ཁམས་བཟང” “སྤྱི་ཁྱབ་ཧྲུའུ་ཅི་ལགས་སྐུ་ཐང་མཉེས་སོང”སོགས་ཀྱི་ཁམས་བདེའི་འཚམས་འདྲི་ཡང་ཡང་ཞུས་པ།
     སྤྱི་ཁྱབ་ཧྲུའུ་ཅི་མཆོག་ནས་རང་འགུལ་ངང་མདུན་དུ་ཕེབས་ཏེ་བརྐྱངས་ཡོང་བའི་མི་དམངས་ཀྱི་ལག་ཟུང་རེ་རེ་བཞིན་ལ་བྱམས་བརྩེ་ལྡན་པའི་ངང་ཕྱག་བཏང་གནང་། རྒྱང་རིང་དུ་ཡོད་པའི་ཡུལ་སྐོར་བ་ཚོས་དགའ་འབོད་བྱེད་ཅིང་སྤྱི་ཁྱབ་ཧྲུའུ་ཅི་མཆོག་གིས་ཀྱང་ཁོང་ཚོར་ཕྱག་གཡུག་གཡུག་གིས་མི་དམངས་ལ་དུང་ཞེན་བྱེད་ལུགས་མཚོན་པར་གནང་།
     ལོ་རྒྱུས་ཀྱི་དུས་ཀྱི་འཁོར་འགྲོས་ལས་རྩ་ཆེ་བའི་ལོ་རྒྱུས་ཀྱི་རྣམ་པ་ཞིག་ཆགས་ཤིང་། མི་དམངས་ཀྱི་གཙོ་འཛིན་ལ་མི་དམངས་ཀྱིས་དགའ། མི་དམངས་ཀྱི་གཙོ་འཛིན་གྱིས་མི་དམངས་གཅེས།
     དེ་རྗེས་ཅ་ཡུས་ཀོན་དང་། ཀའོ་ཐའེ་རྫོང་། ཧྲན་ཏན་རྫོང་། ཀུའུ་ལང་རྫོང་། ལན་ཀྲོའུ་གྲོང་ཁྱེར་སོགས་སྤྱི་ཁྱབ་ཧྲུའུ་ཅི་གང་དུ་ཕེབས་སར་མི་དམངས་མང་ཚོགས་ཀྱིས་འཚང་ཁ་ཤིག་ཤིག་ངང་དགའ་འབོད་བྱས།
     ཚེས་20ཉིན་གྱི་ཉིན་དགུང་གི་ཆུ་ཚོད་13ཟིན་མཚམས་སུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་གོ་བཟོ་ཞིང་དམར་དམག་གི་ནུབ་རྒྱུད་དམག་གི་དྲན་གསོ་ཁང་དུ་རྟོག་ཞིབ་གནང་མཚམས་བཞག་སྟེ། རླངས་འཁོར་ལ་བཞུགས་ནས་ཀའོ་ཐའེ་རྫོང་གི་མི་དམངས་ལམ་དུ་ཕེབས།
     འགྲོ་ལམ་གྱི་གཡས་གཡོན་གཉིས་སུ་སྤྱི་ཁྱབ་ཧྲུའུ་ཅི་ཕེབས་པའི་གཏམ་བཟང་ཐོས་ནས་ཡོང་བའི་མང་ཚོགས་འཚང་ཁ་ཤིག་ཤིག་ཏུ་ལངས་ནས་ཡོད་ཅིང་། ཁོང་ཚོས“སྤྱི་ཁྱབ་ཧྲུའུ་ཅི་ལགས་སྐུ་ཐང་མཉེས་སོང”དང་། “མེས་རྒྱལ་ཁྲི་ལོར་བརྟན་པར་ཤོག” “ཀྲུང་གོ་གུང་ཁྲན་ཏང་ཁྲི་ལོར་བརྟན་པར་ཤོག”ལ་སོགས་དགའ་འབོད་ཀྱི་བྲག་ཅ་ས་གཞི་ཡོངས་སུ་འཁོར།
     སྤྱི་ཁྱབ་ཧྲུའུ་ཅི་མཆོག་འཕྲལ་དུ་རླངས་འཁོར་ནས་བབས་ཏེ། རུབ་ཡོང་བའི་མང་ཚོགས་ཀྱི་ཁྲོད་དུ་ཕེབས་ནས་ཁོང་ཚོར་སྐབས་རེ་ཕྱག་གཡུག་གཡུག་དང་སྐབས་རེ་ཕྱག་བཏང་གནང་བས་ཡུད་ཙམ་ཞིག་ལ་མི་དམངས་ལམ་དགའ་སྤྲོ་རབ་ཏུ་འཁོལ་བའི་གནས་ཤིག་ཏུ་གྱུར། སྐད་འཕྲིན་ཐོག་ཏུའང་དེ་མ་ཉིད་དུ་སྤྱི་ཁྱབ་ཧྲུའུ་ཅི་མཆོག་གིས་ཚང་མ་དང་ཕྱག་བཏང་གནང་བའི་འདྲ་པར་བརྒྱུད་བསྐུར་བྱས། ཡུལ་དངོས་སུ་སླེབས་མེད་པའི་དྲ་གྲོགས་ཚོས“ཁ་པར་ནང་ནས་སྤྱི་ཁྱབ་ཧྲུའུ་ཅི་མཆོག་མཇལ་ཀྱང་ཧ་ཅང་དགའ་པོ་འདུག”དང“ཡིད་སེམས་གཏིང་ནས་འཆོར་བའི་དགའ་བ”ལ་སོགས་པའི་མྱོང་བ་བྲིས་ཡོད།
     ཧྲན་ཏན་ཏུ་སྤྱི་ཁྱབ་ཧྲུའུ་ཅི་ཕེ་ལི་སློབ་གྲྭར་རྟོག་ཞིབ་གནང་སྐབས། ཡུལ་མི་སྤུན་ཟླ་རྣམས་འདི་གར་ཡོང་སྟེ་ཕེ་ལི་སློབ་གྲྭའི་རྒྱལ་སྒོའི་འགྲམ་དུ་ཁ་ཁུ་སིམ་མེར་སྤྱི་ཁྱབ་ཧྲུའུ་ཅི་ཕེབས་སྒུག་ཞུས་ནས་བསྡད། སྤྱི་ཁྱབ་ཧྲུའུ་ཅི་མཆོག་རྟོག་ཞིབ་གནང་མཇུག་འགྲིལ་ནས་ཞལ་གྱེས་མཚམས་སུ་སློབ་གྲྭའི་རྒྱལ་སྒོའི་ཕྱི་རོལ་དུ་ཡོད་པའི་མང་ཚོགས་ཀྱིས་དགའ་འབོད་ཚད་མེད་བྱས། སྣང་ཚུལ་དེ་གཟིགས་སྐབས་སྤྱི་ཁྱབ་ཧྲུའུ་ཅི་མཆོག་གིས་ཕེབས་མཚམས་བཞག་ནས་གསུང་སྐད་ཆེན་པོས་མང་ཚོགས་ལ་འཚམས་འདྲི་གནང་བ་མ་ཟད། ཕྱག་གཡུག་གཡུག་གནང་ནས་གུས་ལུགས་ཀྱང་མཚོན་པར་གནང་།
     ལན་ཀྲོའུ་ཡི་རྨ་ཆུ་བཅོས་སྐྱོང་གི་ལན་ཀྲོའུ་ལྕགས་ལམ་གཤེར་འཐེན་བབས་ཚུགས་ཀྱི་རྣམ་གྲངས་ས་ཚིགས་སུ་རྟོག་ཞིབ་གནང་མཇུག་འགྲིལ་ནས་སྤྱི་ཁྱབ་ཧྲུའུ་ཅི་མཆོག་རླངས་འཁོར་ལ་བཞུགས་རྩིས་གནང་སྐབས། ཁྲོམ་གཞུང་གི་ཁ་སྤྲོད་དུ་མང་ཚོགས་མང་པོ་འདུས་ཡོད་པ་གཟིགས་འཕྲལ་ཁོང་གིས་ཁྲོམ་གཞུང་གི་དཀྱིལ་དུ་ཕེབས་ཏེ་དེ་གའི་མང་ཚོགས་རྣམས་ལ་ཕྱག་གཡུག་གཡུག་གནང་།
     ལམ་བར་དུ་མི་དམངས་མང་ཚོགས་ཀྱི་བབ་ཆགས་དང་གཙོ་འཛིན་ལ་བཅངས་པའི་བརྩེ་བ་ཟབ་མོ་དེ་ནི་མི་སེམས་འགུལ་བ་ཞིག་ཡོད་ལ། སྤྱི་ཁྱབ་ཧྲུའུ་ཅི་མཆོག་གིས་མི་དམངས་མང་ཚོགས་ལ་བརྩེ་བ་ཟབ་མོ་བཅངས་གནང་བ་ལས་ཉེ་འཁོར་གྱི་བློ་མཐུན་མི་རེ་ངོ་རེ་ཚུད་པའི་མང་ཚོགས་ཚང་མར་ཡང་སེམས་འགུལ་ཚད་མེད་ཐེབས།
     ལམ་མི་འགོག་པ་དང་མི་དམངས་ལ་བསུན་པོ་མི་བཟོ་བ་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་རྟོག་ཞིབ་ལ་སྐྱོད་སྐབས་གནང་བའི་གཏན་འབེབས་ཤིག་རེད། ཏུན་ཧོང་གི་མོ་ཀའོ་བྲག་ཕུག་དང་ཅ་ཡུས་ཀོན་གྱི་ཀོན་གྲོང་དུ་རྟོག་ཞིབ་ཀྱིས་རྐྱེན་པས་ཡུལ་སྐོར་བ་ལྟ་སྐོར་བྱེད་པར་འགོག་རྐྱེན་གང་ཡང་བྱུང་མེད་པ་མ་ཟད། ལྟ་སྐོར་བ་མི་ཉུང་བ་ཞིག་གིས་ད་དུང་སྤྱི་ཁྱབ་ཧྲུའུ་ཅི་དང་ལྷན་དུ་གསལ་འགྲེལ་ཡང་ཉན་པ་རེད། རྨ་ཆུའི་ངོགས་སུ་རྨ་ཆུ་བཅོས་སྐྱོང་དང་སྲུང་སྐྱོང་ལས་དོན་གྱི་སྙན་ཞུ་གསན་སྐབས་ཉེ་འཁོར་གྱི་ཁྲོམ་གཞུང་དུ་ཕར་འགྲོ་ཚུར་འོང་བྱེད་མཁན་འཁོར་རིགས་དང་གྲོང་མི་རྒྱུན་ཆད་རྒྱུ་མེད།
     དྲ་ཐོག་ཏུ་སྤྱི་ཁྱབ་ཧྲུའུ་ཅི་ས་ཆ་གང་སར་ཕེབས་པའི་པར་རིས་སྣ་ཚོགས་ཡོད་ཅིང་། མང་ཚོགས་འགའ་ཞིག་གིས་ལག་གཅིག་གིས་སྤྱི་ཁྱབ་ཧྲུའུ་ཅི་མཆོག་དང་ཕྱག་བཏང་བ་དང་ལག་གཅིག་གིས་ཁ་པར་འཁྱེར་ཏེ་ལྷན་བཞུགས་པར་བླངས་ནས་རྩ་ཆེའི་འདྲ་པར་ཉར་ཚགས་བྱས་ཡོད། མང་ཚོགས་འགའ་ཞིག་གིས་སྤྱི་ཁྱབ་ཧྲུའུ་ཅི་མཆོག་དང་ཕྱག་བཏང་ཐུབ་པར་དགའ་མཆོངས་རྒྱག་པ་དང་དགའ་བའི་མིག་ཆུ་ཡང་རང་དབང་མེད་པར་ཤོར། ཧ་ལམ་འདྲ་པར་ཚང་མའི་ནང་སྤྱི་ཁྱབ་ཧྲུའུ་ཅི་མཆོག་བཞད་མོ་བཞད་བཞིན་ཡོད། དེ་ནི་མི་དམངས་ཀྱི་གཙོ་འཛིན་གྱིས་མི་དམངས་ལ་བསྟན་གནང་བའི་རྣམ་འགྱུར་རེད།
     ཏང་དབུ་བརྙེས་ནས་ལོ་བརྒྱ་ལ་ཉེ་བ་འཁོར་བའི་ལོ་རྒྱུས་ཀྱི་དུས་མཚམས་སུ་མི་རྣམས་ཀྱིས་འདྲི་རྟོགས་ཡང་ཡང་བྱས་པ་སྟེ། ཀྲུང་གོ་གུང་ཁྲན་ཏང་གང་ནས་ཡོང་བ་དང་གང་དུ་བསྐྱོད་རྒྱུ་ཡིན་ནམ། སྤྱི་ཁྱབ་ཧྲུའུ་ཅི་མཆོག་གིས་སླར་ཡང་བྱ་སྤྱོད་དངོས་ཀྱི་ཐོག་ནས་ཏང་ཡོངས་ལ། ཀྲུང་གོ་གུང་ཁྲན་ཏང་མི་དམངས་ཁྲོད་ནས་ཡོང་བ་ཡིན་ལ་མི་དམངས་ཁྲོད་དུའང་བསྐྱོད་རྒྱུ་ཡིན། ལམ་ཐག་རིང་པོ་ག་ཚོད་བསྐྱོད་རུང་ཀྲུང་གོ་གུང་ཁྲན་ཏང་གིས་བསྐྱོད་ཟིན་པའི་ལམ་བུ་དུས་ནམ་ཡང་བརྗེད་མི་སྲིད། དམངས་ཀྱི་ཆེད་དུ་དང་དམངས་ལ་གཅེས་པའི་ཀྲུང་གོ་གུང་ཁྲན་ཏང་གི་རང་གཤིས་དུས་ནམ་ཡང་ཉམས་མི་སྲིད་ཅེས་བཀའ་སློབ་གནང་བ་རེད།

  
style="display:none;"