མི་དམངས་དྲ་བ།

༄༅༎ཞི་ཅིན་ཕིང་གིས་ཧྥི་ལི་ཕིན་གྱི་ཙུང་ཐུང་ཏུའུ་ཐེར་ཐེ་ལ་མཇལ་འཕྲད་གནང་བ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 08ཚེས་30ཉིན། 13:25】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

ཟླ་8ཚེས་29ཉིན་གྱི་དགོང་མོ། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་ཏེའོ་ཡུས་ཐའེ་རྒྱལ་མགྲོན་ཁང་དུ་ཧྥི་ལི་ཕིན་གྱི་ཙུང་ཐུང་ཏུའུ་ཐེར་ཐེ་ལ་མཇལ་འཕྲད་གནང་བ་རེད།

ཟླ་8ཚེས་29ཉིན་གྱི་དགོང་མོ། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་ཏེའོ་ཡུས་ཐའེ་རྒྱལ་མགྲོན་ཁང་དུ་ཧྥི་ལི་ཕིན་གྱི་ཙུང་ཐུང་ཏུའུ་ཐེར་ཐེ་ལ་མཇལ་འཕྲད་གནང་བ་རེད།

     མི་དམངས་དྲ་བའི་འཕྲིན། ཚེས་29ཉིན་གྱི་དགོང་མོ། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཏེའོ་ཡུས་ཐའེ་རྒྱལ་མགྲོན་ཁང་དུ་ཧྥི་ལི་ཕིན་གྱི་ཙུང་ཐུང་ཏུའུ་ཐེར་ཐེ་ལ་མཇལ་འཕྲད་གནང་བ་རེད།
     ཞི་ཅིན་ཕིང་གིས་ཙུང་ཐུང་ཏུའུ་ཐེར་ཐེ་འཚམས་འདྲིར་ཕེབས་པ་དང་འབྲེལ་2019ལོའི་རྒྱལ་སྤྱིའི་དྲ་བླུག་སྤོ་ལོའི་མཉམ་འབྲེལ་ལྷན་ཚོགས་ཀྱི་དྲ་བླུག་སྤོ་ལོའི་འཛམ་གླིང་བུམ་པའི་འགྲན་བསྡུར་ལ་གཟིགས་པར་ཕེབས་པར་དགའ་བསུ་ཞུས་པ་རེད། ཞི་ཅིན་ཕིང་གིས་ཁྱེད་ཀྱིས་སྲིད་བསྐྱངས་པའི་ལོ་3རིང་ཕྱོགས་གཉིས་པོའི་ཐུན་མོང་འབད་བརྩོན་འོག་ཀྲུང་གོ་དང་ཧྥི་ལི་ཕིན་དབར་གྱི་འབྲེལ་བ་སྐྱོན་སེལ་དང་། སྲ་བརྟན། མཐོར་འདེགས་བཅས་བྱུང་ནས་རྒྱུན་ཆད་མེད་པར་གྲུབ་འབྲས་ཏན་ཏིག་ཐོབ་ཡོད། མིག་སྔར་རྒྱལ་སྤྱི་དང་ས་ཁུལ་གྱི་དུས་བབ་ལ་རྙོག་འཛིང་ཆེ་བའི་འགྱུར་ལྡོག་གཏིང་ཟབ་བྱུང་ཡོད་མོད། ཡིན་ཡང་ཞི་བདེ་དང་། འཕེལ་རྒྱས། མཉམ་ལས། གཉིས་ཕན་བཅས་ནི་སྔར་བཞིན་འགོག་ཐབས་མེད་པའི་དུས་རབས་ཀྱི་འཕེལ་ཕྱོགས་ཡིན། ངས་ཁྱེད་དང་མཉམ་དུ་འཐབ་ཇུས་ཀྱི་མཐོ་ཚད་དང་ཕུགས་རིང་གི་ལྟ་ཕྱོགས་ནས་དུས་ཚོད་དང་དུས་བབ་དམ་འཛིན་ཡག་པོ་བྱས་ཏེ། ཀྲུང་གོ་དང་ཧྥི་ལི་ཕིན་གྱི་འབྲེལ་བ་འཕེལ་རྒྱས་འགྲོ་རྒྱུར་སྣེ་ཁྲིད་ཡག་པོ་བྱེད་འདོད་ཡོད། དེས་རྒྱལ་ཁབ་གཉིས་པོ་དང་རྒྱལ་ཁབ་གཉིས་པོའི་མི་དམངས་ལ་ཕན་པ་མ་ཟད། ས་ཁུལ་གྱི་ཞི་བདེ་དང་བརྟན་ལྷིང་ལའང་དྲང་ནུས་འདོན་སྲིད་ཅེས་གསུངས་པ་རེད།
     ཞི་ཅིན་ཕིང་གིས“རྒྱུད་གཅིག་ལམ་གཅིག”གི་གྲོས་འགོ་དེ་ཧྥི་ལི་ཕིན་ཕྱོགས་ཀྱི“འཛུགས་སྐྲུན་ཆེན་པོ་བྱེད་པའི”འཆར་འགོད་དང་སྦྲེལ་མཐུད་བྱ་རྒྱུར་མུ་མཐུད་སྐུལ་འདེད་བཏང་ནས། རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་དང་། བཟོ་ལས་གླིང་ཁུལ། གློག་འཕྲིན། ནུས་ཁུངས་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་རྣམ་གྲངས་གལ་ཆེན་ལག་བསྟར་ཡག་པོ་བྱེད་དགོས། ཀྲུང་གོ་ཕྱོགས་ཀྱིས་ཧྥི་ལི་ཕིན་གྱི་སྤུས་ལེགས་སིལ་ཏོག་དང་ཞིང་ལས་ཐོན་རྫས་སྔར་ལས་མང་བ་ནང་འདྲེན་བྱེད་འདོད་ཡོད་ལ། ཀྲུང་གོ་ཕྱོགས་ཀྱིས་རིགས་གཅིག་མཁས་ཅན་ཧྥི་ལི་ཕིན་དུ་ཞིང་ལས་ཉ་ལས་ལག་རྩལ་སློབ་ཁྲིད་བྱེད་པར་མངགས་རྒྱུ་ཡིན། འགྲོ་བ་མིའི་ཐོབ་ཐང་སོགས་ཀྱི་གནད་དོན་ཐད་ཀྲུང་གོ་ཕྱོགས་ཀྱིས་ཧྥི་ལི་ཕིན་ཕྱོགས་ཀྱིས་རྒྱལ་ཁབ་ཀྱི་བདག་དབང་སྲུང་སྐྱོང་དང་ཕྱི་ཕྱོགས་ཀྱི་ཐེ་ཇུས་བཀག་འགོག་བྱེད་པའི་འབད་བརྩོན་ལ་མུ་མཐུད་བློ་བརྟན་འགྱུར་མེད་ངང་རྒྱབ་སྐྱོར་བྱ་རྒྱུ་ཡིན་ཞེས་ནན་བཤད་གནང་བ་རེད། 
     ཞི་ཅིན་ཕིང་གིས་ཀྲུང་གོ་དང་ཧྥི་ལི་ཕིན་གྱིས་ཐོག་མཐའ་བར་གསུམ་དུ་ལྷོ་རྒྱ་མཚོའི་གནད་དོན་ཐད་འབྲེལ་གཏུག་ནུས་ལྡན་རྒྱུན་འཁྱོངས་བྱེད་ཀྱི་ཡོད། ཕྱོགས་གཉིས་པོས་རྩོད་གཞི་ཟུར་དུ་འཇོག་པ་དང་། ཕྱི་ནས་ཡོང་བའི་འགལ་རྐྱེན་བསལ་ཏེ་སེམས་ནུས་གཅིག་སྒྲིལ་གྱིས་མཉམ་ལས་བྱེད་པ་དང་། དོན་དངོས་སྒྲུབ་པ། འཕེལ་རྒྱས་དོན་གཉེར་བཅས་བྱེད་དགོས། ཕྱོགས་གཉིས་པོས་གནད་དོན་དེ་ཐག་གཅོད་འོས་འཚམ་བྱས་ཚེ་ཀྲུང་གོ་དང་ཧྥི་ལི་ཕིན་གྱི་འབྲེལ་བའི་རྣམ་པ་ལེགས་སུ་འགྲོ་བ་དང་རྨང་གཞི་བརྟན་དུ་ཕྱིན་ནས། ས་ཁུལ་གྱི་ཞི་བདེ་དང་བརྟན་ལྷིང་ལའང་འགན་ལེན་གལ་ཆེན་བྱུང་སྲིད། ཕྱོགས་གཉིས་པོས་མཚོ་ཐོག་སྣུམ་རླངས་ཐུན་མོང་ཐོག་གསར་སྤེལ་བྱེད་པའི་ཐད་གོམ་སྟབས་དེ་བས་ཆེ་ཙམ་སྤོ་ཆོག “ལྷོ་རྒྱ་མཚོ་ཆེན་པོའི་བྱ་སྤྱོད་ཚད་གཞི”ནི་ལྷོ་རྒྱ་མཚོའི་སྒྲིག་སྲོལ་ལམ་ལུགས་འཛུགས་པའི་གསར་གཏོད་ཅིག་ཡིན་ལ། ཕྱོགས་གཉིས་པོས་སྔ་ཙམ་ནས“ཚད་གཞི”ཡོང་བར་སྐུལ་འདེད་གཏོང་རྒྱུར་གཞོལ་ནས། ཀྲུང་གོ་དང་ཧྥི་ལི་ཕིན་གྱིས་ཐུན་མོང་ཐོག་ས་ཁུལ་ཡུན་རིང་བདེ་འཁོད་ལ་སྲུང་སྐྱོང་བྱེད་པའི་ལངས་ཕྱོགས་བརྟན་པོ་དང་རྣམ་འགྱུར་བཟང་པོ་མངོན་པར་བྱེད་དགོས་ཞེས་གསུངས་པ་རེད།
     ཏུའུ་ཐེར་ཐེས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་70འཁོར་བར་རྟེན་འབྲེལ་ཞུས་ཤིང་། ཁོང་གིས་ཀྲུང་གོའི་གྲུབ་འབྲས་ཐོབ་པའི་འཕེལ་རྒྱས་ཀྱི་ཉམས་མྱོང་དེ་ནི་ཧྥི་ལི་ཕིན་གྱིས་སློབ་སྦྱོང་དང་དཔྱད་གཞིར་འཛིན་རིན་ཡོད་པ་ཞིག་རེད་ཅེས་གསུངས་པ་རེད། ཁོང་གིས་ངས་ཀྲུའུ་ཞི་ཞི་ཅིན་ཕིང་དབར་གྱི་མཛའ་འབྲེལ་ཟབ་མོར་བརྩི་མཐོང་བྱེད་ཀྱི་ཡོད། ཧྥི་ལི་ཕིན་ལ་མཚོན་ན་ཀྲུང་གོ་གལ་འགངས་ཤིན་ཏུ་ཆེ་བ་དང་། ཧྥི་ལི་ཕིན་དང་ཀྲུང་གོའི་འབྲེལ་བ་ནི་ལོ་བརྒྱའི་ཇུས་ཆེན་ཡིན། ངས་ཀྲུའུ་ཞི་ཞི་ཅིན་ཕིང་དང་རྟག་ཏུ་ཐུག་འཕྲད་གནང་སྟེ་འབྲེལ་གཏུག་བྱེད་པར་ཤུགས་སྣོན་བརྒྱབ་ནས། རྒྱལ་ཁབ་གཉིས་པོའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་མཉམ་ལས་འབྲེལ་བ་རྒྱུན་མཐུད་ངང་འཕེལ་རྒྱས་ཤུགས་ཆེན་འགྲོ་རྒྱུར་ཐུན་མོང་ཐོག་སྐུལ་འདེད་བཏང་སྟེ་གཉིས་ཁེ་གཉིས་ཕན་ཡོང་བ་བྱེད་འདོད་ཡོད། ཧྥི་ལི་ཕིན་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་ཀྱིས་ཧྥི་ལི་ཕིན་གྱི་དཔལ་འབྱོར་འཕེལ་རྒྱས་དང་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལ་མུ་མཐུད་རོགས་རམ་བྱ་རྒྱུའི་རེ་བ་བྱེད་ཀྱི་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཧྥི་ལི་ཕིན་གྱི་འགྲོ་བ་མིའི་ཐོབ་ཐང་བྱ་གཞག་དང་། ས་ཡོམ་གེགས་ཁུལ་བསྐྱར་སྐྲུན། འཇིགས་སྐུལ་ལ་ངོ་རྒོལ། དུག་འགོག་སོགས་ཀྱི་ཐད་ལ་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། དོན་དངོས་ཀྱི་ཐོག་ནས་ཀྲུང་གོ་ནི་ཧྥི་ལི་ཕིན་གྱི་ལྷག་བསམ་རྣམ་དག་གི་གྲོགས་པོ་ཡིན་པ་ར་སྤྲོད་བྱུང་ཡོད། ཤང་ཀང་གི་གནད་དོན་ཐད་ཧྥི་ལི་ཕིན་གྱིས་ཀྲུང་གོའི་བཅའ་ཁྲིམས་དང་དེ་བཞིན་ཁྲིམས་ལྟར་ཁྲིམས་སྐྱོང་སྲུང་སྐྱོང་བྱེད་པའི་དབང་ཆར་རྦད་དེ་བརྩི་འཇོག་བྱེད་ཀྱི་ཡོད་ཅེས་གསུངས་པ་རེད།
     ཏུའུ་ཐེར་ཐེས་ངས་འགྲན་རྒོལ་ལས་མཉམ་ལས་ཀྱི་བྱ་ཐབས་ཐོག་ནས་ལྷོ་རྒྱ་མཚོའི་རྩོད་གཞི་ཞི་བའི་ངང་ཐག་གཅོད་བྱས་ཏེ་ས་ཁུལ་གྱི་མཛའ་གྲོགས་མཉམ་ལས་དང་ཞི་བདེ་བརྟན་ལྷིང་གི་སྤྱི་ཡོངས་སྲུང་སྐྱོང་བྱ་རྒྱུའི་འདོད་ཚུལ་བཏོན་པ་དེ་ས་ཁུལ་དེ་གའི་ཕྱོགས་ཁག་གི་ཁེ་ཕན་དང་མཐུན་ཡོད། ཧྥི་ལི་ཕིན་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་མཉམ་དུ་མཚོ་ཐོག་སྣུམ་རླངས་མཉམ་དུ་གསར་སྤེལ་བྱ་རྒྱུར་སྐུལ་འདེད་མགྱོགས་པོ་གཏོང་འདོད་ཡོད། ཧྥི་ལི་ཕིན་གྱིས་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་དང་ཀྲུང་གོའི་འབྲེལ་བའི་ད་རེས་ཀྱི་མཐུན་སྦྱོར་རྒྱལ་ཁབ་ཡིན་པའི་ངོས་ནས་ཕྱོགས་ཁག་གིས“ལྷོ་རྒྱ་མཚོའི་བྱ་སྤྱོད་ཚད་གཞི”སྔ་ཙམ་མངོན་འགྱུར་ཡོང་བར་སྐུལ་འདེད་གཏོང་རྒྱུར་གཞོལ་གྱི་ཡོད།  
     མཇལ་འཕྲད་གནང་རྗེས། རྒྱལ་ཁབ་གཉིས་པོའི་གཙོ་བདག་གིས་ཕྱོགས་གཉིས་པོའི་མཉམ་ལས་ཡིག་ཆ་བརྗེ་རེས་ཀྱི་མཛད་སྒོར་ཐུན་མོང་ཐོག་དཔང་པོ་གནང་བ་རེད། ཕྱོགས་གཉིས་པོས་ད་དུང་སྣུམ་རླངས་མཉམ་ལས་སྲིད་གཞུང་བར་གྱི་མཉམ་འབྲེལ་མཛུབ་ཁྲིད་ཨུ་ལྷན་དང་ཁེ་ལས་དབར་གྱི་ལས་དོན་ཚོགས་ཆུང་བཙུགས་ནས་ཐུན་མོང་ཐོག་གསར་སྤེལ་ལ་ངོ་བོ་རང་བཞིན་གྱི་འཕེལ་རྒྱས་ཡོང་རྒྱུར་སྐུལ་འདེད་གཏོང་རྒྱུའི་ཁྱབ་བསྒྲགས་བྱས་པ་རེད།
    དབྱང་ཅེ་ཁྲི་དང་། ཝང་དབྱི། ཧོ་ལི་ཧྥེང་སོགས་མཇལ་འཕྲད་ནང་ཞུགས་ཡོད་པ་རེད།

【1】  【2】

ཟླ་8ཚེས་29ཉིན་གྱི་དགོང་མོ། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་ཏེའོ་ཡུས་ཐའེ་རྒྱལ་མགྲོན་ཁང་དུ་ཧྥི་ལི་ཕིན་གྱི་ཙུང་ཐུང་ཏུའུ་ཐེར་ཐེ་ལ་མཇལ་འཕྲད་གནང་བ་རེད།
ཟླ་8ཚེས་29ཉིན་གྱི་དགོང་མོ། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་ཏེའོ་ཡུས་ཐའེ་རྒྱལ་མགྲོན་ཁང་དུ་ཧྥི་ལི་ཕིན་གྱི་ཙུང་ཐུང་ཏུའུ་ཐེར་ཐེ་ལ་མཇལ་འཕྲད་གནང་བ་རེད།

  
style="display:none;"