མི་དམངས་དྲ་བ།

༄༅༎ཞི་ཅིན་ཕིང་གིས་ཀྲུང་དབྱང་ནོར་དཔལ་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་ལྔ་པ་གཙོ་སྐྱོང་གནང་སྐབས། 
ལེགས་ཆ་གསབ་རེས་དང་སྤུས་ཚད་མཐོ་པོས་འཕེལ་རྒྱས་གཏོང་བའི་ས་ཁོངས་དཔལ་འབྱོར་གྱི་ཁྱབ་ཚུལ་ཆགས་
རྒྱུར་སྐུལ་འདེད་གཏོང་བ་དང་ལེགས་ཆ་འདོན་སྤེལ་གྱིས་ཐོན་ལས་ཀྱི་རྨང་གཞིའི་ནུས་པ་དང་ཐོན་ལས་འཁོར་
སྦྲེལ་གྱི་ཆུ་ཚད་མཐོ་རུ་གཏོང་དགོས་པའི་ནན་བཤད་གནང་བ། 

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 08ཚེས་28ཉིན། 10:05】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

     ལི་ཁེ་ཆང་དང་། ཝང་ཧུའུ་ཉིང་། ཧན་ཀྲེང་བཅས་ཕེབས་པ།
     ● དུས་བབ་གསར་པའི་འོག་ས་ཁོངས་མཐུན་སྦྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་དངོས་ཡོད་ཀྱི་དཔལ་འབྱོར་ཆོས་ཉིད་གཞིར་བཟུང་ས་ཁོངས་ཀྱི་སྲིད་ཇུས་མ་ལག་ལེགས་སྒྲིག་དང་འཐུས་སྒོ་ཚང་དུ་བཏང་ནས་ས་ཁུལ་ཁག་གི་ལེགས་ཆ་འདོན་སྤེལ་བྱེད་པ་དང་། རྒྱུ་རྐྱེན་སྣ་ཚོགས་ལུགས་མཐུན་ངང་འཁོར་སྐྱོད་དང་ནུས་ཆེའི་ངང་གཅིག་ཏུ་བསྒྲིལ་རྒྱུར་སྐུལ་འདེད་གཏོང་བ། གསར་གཏོད་འཕེལ་རྒྱས་ཀྱི་སྒུལ་ཤུགས་ཆེ་རུ་གཏོང་བ། སྤུས་ཚད་མཐོ་པོས་འཕེལ་རྒྱས་གཏོང་བའི་སྒུལ་ཤུགས་ཀྱི་མ་ལག་མགྱོགས་མྱུར་སྐྲུན་པ། ལྟེ་བའི་གྲོང་ཁྱེར་དང་གྲོང་ཁྱེར་ཚོགས་སོགས་དཔལ་འབྱོར་འཕེལ་རྒྱས་ཀྱི་ལེགས་ཆ་ལྡན་པའི་ས་ཁོངས་དཔལ་འབྱོར་དང་མི་འབོར་གཤོང་ནུས་ཆེ་རུ་གཏོང་བ། ས་ཁུལ་གཞན་གྱིས་འབྲུ་རིགས་བདེ་འཇགས་དང་། སྣོད་བཅུད་བདེ་འཇགས། མཐའ་མཚམས་བདེ་འཇགས་སོགས་ཐད་ཀྱི་ནུས་པ་འདོན་དགོས།
     ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་8ཚེས་26ཉིན་གློག་འཕྲིན་འབྱོར་གསལ། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི། ཀྲུང་དབྱང་ནོར་དཔལ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་བཅས་ཡིན་པའི་ཞི་ཅིན་ཕིང་གིས་ཟླ་8ཚེས་26ཉིན་གྱི་ཕྱི་དྲོ་ཀྲུང་དབྱང་ནོར་དཔལ་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་ལྔ་པ་གཙོ་སྐྱོང་གནང་ནས་ལེགས་ཆ་གསབ་རེས་དང་སྤུས་ཚད་མཐོ་པོས་འཕེལ་རྒྱས་གཏོང་བའི་ས་ཁོངས་དཔལ་འབྱོར་ཁྱབ་ཚུལ་ཆགས་རྒྱུར་སྐུལ་འདེད་གཏོང་བའི་གནད་དོན་དང་ཐོན་ལས་ཀྱི་རྨང་གཞིའི་ནུས་པ་དང་ཐོན་ལས་འཁོར་སྦྲེལ་གྱི་ཆུ་ཚད་མཐོ་རུ་གཏོང་རྒྱུའི་གནད་དོན་ལ་ཞིབ་འཇུག་གནང་བ་རེད། ཞི་ཅིན་ཕིང་གིས་ཚོགས་འདུའི་ཐོག་གསུང་བཤད་གལ་ཆེན་གནང་སྐབས་ས་ཁུལ་ཁག་གི་ཆ་རྐྱེན་གཞིར་བཟུང་། ལས་བགོས་ལུགས་མཐུན་ངང་རྒྱག་པ་དང་། འཕེལ་རྒྱས་ཀྱི་ལམ་བུ་ལེགས་སུ་གཏོང་བ། བྱེད་པོའི་ནུས་པའི་ཁུལ་གྱི་འཐབ་ཇུས་དོན་འཁྱོལ་བྱེད་པ། བར་མཐོངས་བཅོས་སྐྱོང་འཐུས་སྒོ་ཚང་དུ་གཏོང་བ་བཅས་བྱས་ཏེ་ལེགས་ཆ་གསབ་རེས་དང་སྤུས་ཚད་མཐོ་པོས་འཕེལ་རྒྱས་གཏོང་བའི་ས་ཁོངས་དཔལ་འབྱོར་ཁྱབ་ཚུལ་ཆགས་པར་བྱེད་དགོས། གཅིག་སྡུད་སྟོབས་ཤུགས་སྤྱད་དེ་དོན་ཆེན་སྒྲུབ་པའི་ལམ་ལུགས་ཀྱི་ལེགས་ཆ་དང་གཞི་ཁྱོན་ཧ་ཅང་ཆེ་བའི་ཁྲོམ་རའི་ལེགས་ཆ་འདོན་སྤེལ་གང་ལེགས་བྱས་ནས་ཐོན་ལས་ཀྱི་རྨང་གཞི་རིམ་མཐོ་ཅན་དང་ཐོན་ལས་འཁོར་སྦྲེལ་དེང་རབས་ཅན་གྱི་འགག་སྒྲོལ་དམག་འཐབ་ཡག་པོ་རྒྱག་དགོས་པའི་ནན་བཤད་གནང་བ་རེད།
     ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི། ཀྲུང་དབྱང་ནོར་དཔལ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ་བཅས་ཡིན་པའི་ལི་ཁེ་ཆང་དང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་དང་། ཀྲུང་དབྱང་ཧྲུའུ་ཅི་ཁྲུའི་ཧྲུའུ་ཅི། ཀྲུང་དབྱང་ནོར་དཔལ་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་བཅས་ཡིན་པའི་ཝང་ཧུའུ་ཉིང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ། ཀྲུང་དབྱང་ནོར་དཔལ་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་བཅས་ཡིན་པའི་ཧན་ཀྲེང་བཅས་ཚོགས་འདུར་ཕེབས་ཡོད་པ་རེད།
     ཚོགས་འདུའི་ཐོག་ལེགས་ཆ་གསབ་རེས་དང་སྤུས་ཚད་མཐོ་པོས་འཕེལ་རྒྱས་གཏོང་བའི་ས་ཁོངས་དཔལ་འབྱོར་ཁྱབ་ཚུལ་ཆགས་རྒྱུར་སྐུལ་འདེད་གཏོང་བའི་གནད་དོན་སྐོར་གྱི་རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན་དང་། རྒྱལ་ཁབ་བསྡོམས་རྩིས་ཅུས། ཧྲང་ཧའེ་གྲོང་ཁྱེར། ཀོང་ཏུང་ཞིང་ཆེན། ལེའོ་ཉིང་ཞིང་ཆེན་བཅས་ཀྱི་སྙན་ཞུ་གསན་པ་དང་ཐོན་ལས་ཀྱི་རྨང་གཞིའི་ནུས་པ་དང་ཐོན་ལས་འཁོར་སྦྲེལ་གྱི་ཆུ་ཚད་མཐོ་རུ་གཏོང་བའི་གནད་དོན་སྐོར་གྱི་རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན་དང་། བཟོ་འཕྲིན་ཅན་པུའུ། རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་རྒྱུ་ཨུ་ལྷན། ཀྲུང་གོ་བཟོ་སྐྲུན་ཁང་བཅས་ཀྱི་སྙན་ཞུ་གསན་པ་རེད།
     ཚོགས་འདུའི་ཐོག་མིག་སྔར་རང་རྒྱལ་གྱི་ས་ཁོངས་འཕེལ་རྒྱས་ཀྱི་རྣམ་པ་ལེགས་པོ་ཡོད་པ་དང་ཆབས་ཅིག་དཔལ་འབྱོར་འཕེལ་རྒྱས་ཀྱི་བར་མཐོངས་གྲུབ་ཆར་འགྱུར་ལྡོག་གཏིང་ཟབ་འགྲོ་བཞིན་ཡོད་པས་ལྟེ་བའི་གྲོང་ཁྱེར་དང་གྲོང་ཁྱེར་ཚོགས་འཕེལ་རྒྱས་ཀྱི་རྒྱུ་རྐྱེན་ལྡན་པའི་བར་མཐོངས་གཙོ་བོའི་རྣམ་པར་འགྱུར་བཞིན་ཡོད་པ་རེད། དུས་བབ་གསར་པའི་འོག་ས་ཁོངས་མཐུན་སྦྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་དངོས་ཡོད་ཀྱི་དཔལ་འབྱོར་ཆོས་ཉིད་གཞིར་བཟུང་ས་ཁོངས་ཀྱི་སྲིད་ཇུས་མ་ལག་ལེགས་སྒྲིག་དང་འཐུས་སྒོ་ཚང་དུ་བཏང་ནས་ས་ཁུལ་ཁག་གི་ལེགས་ཆ་འདོན་སྤེལ་བྱེད་པ་དང་། རྒྱུ་རྐྱེན་སྣ་ཚོགས་ལུགས་མཐུན་ངང་འཁོར་སྐྱོད་དང་ནུས་ཆེའི་ངང་གཅིག་ཏུ་བསྒྲིལ་རྒྱུར་སྐུལ་འདེད་གཏོང་བ། གསར་གཏོད་འཕེལ་རྒྱས་ཀྱི་སྒུལ་ཤུགས་ཆེ་རུ་གཏོང་བ། སྤུས་ཚད་མཐོ་པོས་འཕེལ་རྒྱས་གཏོང་བའི་སྒུལ་ཤུགས་ཀྱི་མ་ལག་མགྱོགས་མྱུར་སྐྲུན་པ། ལྟེ་བའི་གྲོང་ཁྱེར་དང་གྲོང་ཁྱེར་ཚོགས་སོགས་དཔལ་འབྱོར་འཕེལ་རྒྱས་ཀྱི་ལེགས་ཆ་ལྡན་པའི་ས་ཁོངས་དཔལ་འབྱོར་དང་མི་འབོར་གཤོང་ནུས་ཆེ་རུ་གཏོང་བ། ས་ཁུལ་གཞན་གྱིས་འབྲུ་རིགས་བདེ་འཇགས་དང་། སྣོད་བཅུད་བདེ་འཇགས། མཐའ་མཚམས་བདེ་འཇགས་སོགས་ཐད་ཀྱི་ནུས་པ་ཆེ་རུ་གཏོང་བ་བཅས་བྱེད་དགོས། དམངས་འཚོའི་མཐའ་ཚད་འགན་ལེན་བྱས་ཏེ་གཞི་རྩའི་སྤྱི་པའི་ཞབས་ཞུ་དོ་སྙོམས་ཅན་ལ་སྐུལ་འདེད་བཏང་ནས་འཕེལ་རྒྱས་ཁྲོད་དོ་སྙོམས་ཡོང་བ་བྱེད་དགོས་ལུགས་བསྟན་ཡོད།
     ཚོགས་འདུའི་ཐོག་རྒྱལ་ཡོངས་སུ་གཅིག་གྱུར་ཐོག་སྒོ་མོ་འབྱེད་པ་དང་འགྲན་ནུས་དང་གོ་རིམ་ལྡན་པའི་ཚོང་ཟོག་དང་གཞི་རྒྱུའི་ཁྲོམ་ར་ཆགས་པ་བྱས་ཏེ་ཐོན་ཁུངས་བཀོད་སྒྲིག་ཁྲོད་ཁྲོམ་རས་ཐག་གཅོད་རང་བཞིན་གྱི་ནུས་པ་ཐོན་པ་བྱེད་པ་དང་། ཁྲོམ་ར་གཞི་གཅིག་ཅན་གྱི་འཕེལ་རྒྱས་ཀྱི་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ། ས་ཁོངས་མཉམ་ལས་ཀྱི་ལམ་སྲོལ་བཅས་གཏིང་ཟབ་ཏུ་གཏོང་དགོས། ཞིང་ཆེན་རིམ་པའི་སྤྱི་འདོམས་འཆར་འགོད་ཀྱི་རྨང་གཞིའི་ཐོག་རྒན་གསོ་འགན་བཅོལ་རྒྱལ་ཡོངས་སུ་སྤྱི་འདོམས་འཆར་འགོད་བྱེད་མགྱོགས་སུ་བཏང་ནས་རྒྱལ་ཡོངས་ཀྱི་ཁྱབ་ཁོངས་སུ་ལམ་ལུགས་གཅིག་གྱུར་དང་ས་ཁོངས་དབར་ཕན་ཚུན་ཕྱར་བ་གྲུ་འདེགས་ཡོང་བ་བྱེད་དགོས། ས་ཞིང་དོ་དམ་ལམ་ལུགས་སྒྱུར་བཅོས་དང་ས་ཞིང་དོ་དམ་གྱི་བབ་བསྟུན་རང་བཞིན་ཆེ་རུ་བཏང་ནས་ལེགས་ལྡན་ས་ཁུལ་དུ་འཕེལ་རྒྱས་ཀྱི་བར་མཐོངས་དེ་བས་ཆེ་བ་ཡོད་པ་བྱེད་དགོས། ནུས་རྒྱུའི་འཛད་སྤྱོད་བསྡོམས་འབོར་དང་འཛད་སྤྱོད་བྱེད་ཚད་གཉིས་ཀ་ཚོད་འཛིན་བྱེད་པའི་ལམ་ལུགས་འཐུས་སྒོ་ཚང་དུ་བཏང་ནས་སྣོད་བཅུད་ཁ་གསབ་ལམ་ལུགས་ཕྱོགས་ཡོངས་ནས་འཛུགས་པ་དང་ས་ཁུལ་དབར་གྱི་ཁེ་ཕན་ཁ་གསབ་ལམ་ལུགས་དང་གཞུང་ཕྱོགས་ཀྱི་སྣོད་བཅུད་ཁ་གསབ་ལམ་ལུགས་འཐུས་སྒོ་ཚང་དུ་གཏོང་དགོས། ནོར་སྲིད་གཏོང་སྤྲོད་སྤོ་སྒྱུར་ལམ་ལུགས་འཐུས་སྒོ་ཚང་དུ་བཏང་ནས་སྣོད་བཅུད་ནུས་པའི་ཁུལ་གཙོ་བོ་དང་། ཞིང་ལས་ཐོན་རྫས་ཐོན་ཁུལ་གཙོ་བོ། དཀའ་ངལ་ཡོད་པའི་ས་ཁུལ་བཅས་ལ་གཏོང་སྤྲོད་སྤོ་སྒྱུར་ནུས་ལྡན་བྱེད་དགོས། བྱང་ཤར་ས་ཁུལ་དུ་རང་འགུལ་ངང་དཔལ་འབྱོར་གྲུབ་ཆ་ལེགས་སྒྲིག་བྱས་ཏེ་ཐོན་ལས་སྣ་མང་ཅན་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་། གཞུང་ཁོངས་ཁེ་ལས་སྒྱུར་བཅོས་བྱེད་མགྱོགས་སུ་གཏོང་བ། ཕྱི་ཕྱོགས་སྒོ་དབྱེའི་འཐབ་ས་མདུན་མ་གསར་པ་གཏོད་པ། སྲིད་གཞུང་གི་འགན་ནུས་མགྱོགས་པོ་སྒྱུར་བ། ཁེ་ལས་མཁས་ཅན་གྱི་སྙིང་སྟོབས་དར་སྤེལ་གཏོང་བ། ལས་བྱེད་པ་དྲང་ཕྱོགས་སུ་སྐུལ་ལྕག་བྱེད་པར་ཤུགས་སྣོན་རྒྱག་པ། མངོན་གསལ་དོད་པའི་མི་སྤྱོད་སྟོན་ཕྱོགས་འཛུགས་པ་བཅས་བྱས་ཏེ་ཕྱོགས་ཡོངས་དར་རྒྱས་ཡོང་བར་བྱེད་དགོས་པའི་ནན་བཤད་གནང་བ་རེད།
     ཚོགས་འདུའི་ཐོག་རང་རྒྱལ་གྱི་བཟོ་སྐྲུན་ལས་རིགས་ཀྱི་གཞི་ཁྱོན་གོ་ལ་ཧྲིལ་པོའི་ཨང་དང་པོར་སླེབས་པ་ནི་འཛམ་གླིང་ཧྲིལ་པོར་བཟོ་ལས་ཚང་མའི་རིགས་ལྡན་པའི་རྒྱལ་ཁབ་གཅིག་པུ་དེ་རེད། གཅིག་སྡུད་སྟོབས་ཤུགས་སྤྱད་དེ་དོན་ཆེན་སྒྲུབ་པའི་ལམ་ལུགས་ཀྱི་ལེགས་ཆ་དང་གཞི་ཁྱོན་ཧ་ཅང་ཆེ་བའི་ཁྲོམ་རའི་ལེགས་ཆ་འདོན་སྤེལ་གང་ལེགས་བྱས་ཏེ་ཐོན་ལས་ཀྱི་རྨང་གཞིའི་ནུས་པ་བརྟན་དུ་གཏོང་བ་གཞི་རྩར་བྱེད་པ་དང་། རང་རྟེན་ཚོད་འཛིན་དང་བདེ་འཇགས་ནུས་ཆེ་ཚད་གཞིར་བྱེད་པ། ཁེ་ལས་དང་ཁེ་ལས་མཁས་ཅན་བྱེད་པོར་བྱེད་པ། སྲིད་ཇུས་མཉམ་སྒྲུབ་འགན་ལེན་དུ་བྱེད་པ། བཀོལ་སྤྱོད་སྣེ་ཁྲིད་དང་གནད་དོན་ཕྱོགས་སྟོན་དུ་འཛིན་རྒྱུ་མཐའ་འཁྱོངས། སྲིད་གཞུང་གི་ཁྲིད་སྟོན་དང་ཁྲོམ་རའི་ལམ་སྲོལ་ཟུང་འབྲེལ་མཐའ་འཁྱོངས། རང་ཚུགས་རང་བདག་དང་སྒོ་དབྱེ་མཉམ་ལས་ཕན་ཚུན་སྐུལ་འདེད་གཏོང་བ་མཐའ་འཁྱོངས་བཅས་བྱས་ཏེ་ཐོན་ལས་རྨང་གཞི་མཐོ་རིམ་ཅན་དང་ཐོན་ལས་འཁོར་སྦྲེལ་དེང་རབས་ཅན་གྱི་འགག་སྒྲོལ་དམག་འཐབ་ཡག་པོ་རྒྱག་དགོས་ལུགས་བསྟན་ཡོད།
     ཚོགས་འདུའི་ཐོག་ཐོན་ལས་རྨང་གཞི་བསྐྱར་འཛུགས་ལས་གྲྭ་ལག་བསྟར་དང་། རྩེ་རིམ་ཇུས་འགོད་ཡག་པོ། ལས་གྲྭའི་གཙོ་གནད་ཁ་གསལ་བཟོ་བ། རིག་དབྱེ་སྒྲིག་འཛུགས་ལག་བསྟར། རང་རྟེན་འཇོན་ཐང་ཆེ་རུ་གཏོང་བ་བཅས་བྱེད་དགོས། འཐབ་ཇུས་རང་བཞིན་དང་སྤྱི་ཡོངས་རང་བཞིན་ལྡན་པའི་ཐོན་ལས་འཁོར་སྦྲེལ་བཏོད་དེ“སྲ་བརྟན་དང་། ཆེར་གཏོང་། མཐོར་གཏོང་། ཤར་བགྲོད”བཅས་ཀྱི་བྱེད་ཕྱོགས་ལ་དམིགས་པ་དང་། ཁེ་ལས་སྔ་མ་དང་ཕྱི་མས་ཐོན་ལས་མཉམ་སྒྲུབ་དང་ལག་རྩལ་མཉམ་ལས་ཀྱི་འགག་སྒོ་སྒྲོལ་བར་རྒྱབ་སྐྱོར། ཐོན་ལས་འཁོར་སྦྲེལ་གྱི་མཉེན་ཤུགས་ཆེ་རུ་གཏོང་བ། ཐོན་ལས་འཁོར་སྦྲེལ་གྱི་ཆུ་ཚད་མཐོ་རུ་གཏོང་བ་བཅས་བྱས་ཏེ་སྒོ་དབྱེ་མཉམ་ལས་བྱེད་རིང་གསར་གཏོད་ཀྱི་འཇོན་ཐང་དེ་བས་ཆེ་བ་དང་ཟུར་སྣོན་རིན་ཐང་དེ་བས་མཐོ་བའི་ཐོན་ལས་འཁོར་སྦྲེལ་ཆགས་པར་བྱེད་དགོས། ཐུན་མོང་རང་བཞིན་གྱི་ལག་རྩལ་ལས་སྟེགས་བཏོད་ནས་ལས་རིགས་དང་ཁྱབ་ཁོངས་སྒྲོལ་བའི་འགག་རྩའི་ཐུན་མོང་རང་བཞིན་གྱི་ལག་རྩལ་གནད་དོན་ཐག་གཅོད་བྱེད་དགོས། ཁེ་ལས་མཁས་ཅན་གྱི་སྙིང་སྟོབས་དང་བཟོ་བོའི་སྙིང་སྟོབས་དར་སྤེལ་བཏང་ནས“ཆེད་ལས་ཅན་དང་། ཞིབ་ཚགས་ཅན། དམིགས་བསལ་ཅན། གསར་གཏོད་ཅན”བཅས་ཀྱི་ཁེ་ལས་འབྲིང་ཆུང་ཁག་གཅིག་སྐྱེད་སྲིང་བྱེད་དགོས་པའི་ནན་བཤད་གནང་བ་རེད།
     ཀྲུང་དབྱང་ནོར་དཔལ་ཨུ་ལྷན་གྱི་ཨུ་ཡོན་ཚོགས་འདུར་ཞུགས་པ་དང་ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་འབྲེལ་ཡོད་སྡེ་ཚན་གྱི་འགན་ཁུར་བློ་མཐུན་ཚོགས་འདུར་ཟུར་ཞུགས་བྱས་ཡོད་པ་རེད།

  
style="display:none;"