མི་དམངས་དྲ་བ།

༄༅༎ལི་ཁེ་ཆང་གིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་གཙོ་སྐྱོང་གནང་བ། ཧོ་དབྱི་ཁྲེང་
ཨའོ་མོན་དམིགས་བསལ་སྲིད་འཛིན་ཁུལ་གྱི་ལས་ཐོག་ལྔ་པའི་སྲིད་ འཛིན་དཔོན་ལ་བསྐོ་གཞག་བྱ་རྒྱུའི་གཏན་
འབེབས་གནང་བ། ཧན་ཀྲེང་སོགས་ཕེབས་པ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 09ཚེས་06ཉིན། 12:02】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

     ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་9ཚེས་4ཉིན་གློག་འཕྲིན་འབྱོར་གསལ། ཟླ་9ཚེས་4ཉིན་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་གིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་གཙོ་སྐྱོང་གནང་ཞིང་། ཧོ་དབྱི་ཁྲེང་ཨའོ་མོན་དམིགས་བསལ་སྲིད་འཛིན་ཁུལ་གྱི་ལས་ཐོག་ལྔ་པའི་སྲིད་འཛིན་དཔོན་ལ་བསྐོ་གཞག་བྱ་རྒྱུའི་གཏན་འབེབས་གནང་བ་རེད། ཧོ་དབྱི་ཁྲེང་གིས་2019ལོའི་ཟླ་12ཚེས་20ཉིན་ནས་བཟུང་ལས་འགན་བཞེས་རྒྱུ་རེད།
     ཚོགས་འདུའི་ཐོག་ཧོ་དབྱི་ཁྲེང་ཨའོ་མོན་དམིགས་བསལ་སྲིད་འཛིན་ཁུལ་གྱི་ལས་ཐོག་ལྔ་པའི་སྲིད་འཛིན་དཔོན་གྱི་གདམ་བྱའི་འོས་མིར་འདེམས་བསྐོ་བྱ་རྒྱུའི་སྐོར་གྱི་ཨའོ་མོན་དམིགས་བསལ་སྲིད་འཛིན་ཁུལ་སྲིད་གཞུང་གི་སྙན་ཞུར་གྲོས་ཞིབ་བྱས་པ་དང་འབྲེལ། ཨའོ་མོན་དམིགས་བསལ་སྲིད་འཛིན་ཁུལ་གྱི་ལས་ཐོག་ལྔ་པའི་སྲིད་འཛིན་དཔོན་གྱི་གདམ་བྱའི་འོས་མི་འདེམས་བསྐོ་བྱས་ནས་ཐོན་པའི་བརྒྱུད་རིམ་སྐོར་གྱི་རྒྱལ་སྲིད་སྤྱི་ཁྱབ་ཁང་ཀང་ཨའོ་ལས་དོན་གཞུང་དོན་ཁང་གི་ཀྲུའུ་རེན་ཀྲང་ཞའོ་མིང་གི་སྙན་ཞུའང་ཉན་པ་རེད།
     ལི་ཁེ་ཆང་གིས་ཚོགས་འདུའི་ཐོག་གསུང་བཤད་གལ་ཆེན་གནང་ཞིང་། ཁོང་གིས་ཨའོ་མོན་དམིགས་བསལ་སྲིད་འཛིན་ཁུལ་གྱི་ལས་ཐོག་ལྔ་པའི་སྲིད་འཛིན་དཔོན་འདེམས་བསྐོའི་ལས་དོན་ཁྲིམས་ལྟར་སྤེལ་ཡོད། དེ་ཨའོ་མོན་དམིགས་བསལ་སྲིད་འཛིན་ཁུལ་གྱི་གཞི་རྩའི་བཅའ་ཁྲིམས་དང་འབྲེལ་ཡོད་བཅའ་ཁྲིམས་ཀྱི་གཏན་འབེབས་དང་རྦད་དེ་མཐུན་པ་མ་ཟད། ད་དུང་ཡོངས་བསྒྲགས་དང་། དྲང་སྙོམས། གཞུང་དྲང་བཅས་ཀྱི་རྩ་དོན་ཡང་མངོན་གྱི་ཡོད། སྐུ་ཞབས་ཧོ་དབྱི་ཁྲེང་ལ་འདེམས་ཤོག་མང་པོ་ཐོབ་ནས་བདམས་ཐོན་བྱུང་བ་དེ་ཐོག་ནས་ཨའོ་མོན་གྱི་སྤྱི་ཚོགས་ལས་རིགས་ཁག་གིས་སྐུ་ཞབས་ཧོ་དབྱི་ཁྲེང་ལ་བློ་མོས་དང་རྒྱབ་སྐྱོར་རྒྱ་ཁྱབ་ཏུ་བྱེད་པ་མཚོན་གྱི་ཡོད་ཅེས་གསུངས་པ་རེད།
     ལི་ཁེ་ཆང་གིས་འདི་ལོ་ནི་ཨའོ་མོན་མེས་རྒྱལ་གྱི་པང་དུ་ལོག་ནས་ལོ་20འཁོར་བའི་ལོ་ཞིག་རེད། ལོ་20ཡི་རིང་ཀྲུང་དབྱང་སྲིད་གཞུང་དང་ནང་སའི་རྒྱབ་སྐྱོར་ཤུགས་ཆེན་འོག ཨའོ་མོན་དམིགས་བསལ་སྲིད་འཛིན་ཁུལ་སྲིད་གཞུང་གིས་ཁྲིམས་ལྟར་སྲིད་བསྐྱངས་པར་བརྟེན་ཨའོ་མོན་གྱི་དཔལ་འབྱོར་འཕེལ་རྒྱས་མྱུར་པོ་བྱུང་བ་དང་། སྤྱི་ཚོགས་བྱ་གཞག་ཕྱོགས་ཡོངས་ནས་ཡར་རྒྱས་བྱུང་བ། མི་དམངས་བདེ་སྡོད་ལས་བརྩོན་བྱུང་བ། “རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས”ཨའོ་མོན་དུ་གྲུབ་འབྲས་ཐོབ་པའི་ངང་ལག་ལེན་བྱུང་བ་མ་ཟད། ད་དུང་ཁྱད་ཆོས་དང་བཀྲག་མདངས་འཚེར་ས་མང་པོ་ཞིག་ཀྱང་ཐོན་ཡོད། ཨའོ་མོན་གྱི་འཕེལ་རྒྱས་དེ་མེས་རྒྱལ་ནང་སའི་འཕེལ་རྒྱས་དང་འབྲེལ་བ་ཧ་ཅང་ཟབ་ཅིང་། ཀོང་ཏུང་དང་། ཤང་ཀང་། ཨའོ་མོན་གསུམ་གྱི་ཁུག་ཆེན་ཁུལ་འཛུགས་སྐྲུན་སོགས་ལས་ཨའོ་མོན་ལ་གསེར་ལས་དཀོན་པའི་གོ་སྐབས་གསར་པ་ཐོབ་ཡོད། ཀྲུང་དབྱང་སྲིད་གཞུང་གིས“རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས”དང་། “ཨའོ་མོན་བས་ཨའོ་མོན་སྐྱོང་བའི”ཚད་མཐོའི་རང་སྐྱོང་གི་བྱེད་ཕྱོགས་ལག་བསྟར་དོན་འཁྱོལ་མཐའ་གཅིག་ཏུ་བྱ་རྒྱུ་དང་། གཞི་རྩའི་བཅའ་ཁྲིམས་གཞིར་བཟུང་བྱ་བ་བསྒྲུབ་རྒྱུ། ཨའོ་མོན་དམིགས་བསལ་སྲིད་འཛིན་ཁུལ་སྲིད་གཞུང་དང་སྲིད་འཛིན་དཔོན་གྱིས་ཁྲིམས་ལྟར་སྲིད་འཛིན་དང་། དཔལ་འབྱོར་འཕེལ་རྒྱས་གཏོང་བ། དམངས་འཚོ་ལེགས་སུ་གཏོང་བ། ཞི་མཐུན་ལ་སྐུལ་འདེད་གཏོང་བ་བཅས་ལ་ནུས་ཤུགས་ཡོད་རྒུས་རྒྱབ་སྐྱོར་བྱ་རྒྱུ་བཅས་ཡིན། སྐུ་ཞབས་ཧོ་དབྱི་ཁྲེང་གིས་སྲིད་འཛིན་དཔོན་གྱི་འགན་བཞེས་རྗེས། ཨའོ་མོན་དམིགས་བསལ་སྲིད་འཛིན་ཁུལ་གྱི་སྐབས་གསར་པའི་སྲིད་གཞུང་དང་ཨའོ་མོན་གྱི་ལས་རིགས་ཁག་གི་མི་སྣར་མཐུན་སྒྲིལ་དང་སྣེ་ཁྲིད་ཀྱིས་ཨའོ་མོན་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་རྒྱུན་ཆད་མེད་པར་གཏོད་རྒྱུ་དང་། “རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས”གྲུབ་འབྲས་ཐོན་པའི་ངང་ལག་ལེན་གྱི་ལེའུ་གསར་པ་ཞིག་རྩོམ་ཐུབ་ངེས་ཡིན་པའི་ཡིད་ཆེས་ཡོད་ཅེས་གསུངས་པ་རེད།
     《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཨའོ་མོན་དམིགས་བསལ་སྲིད་འཛིན་ཁུལ་གྱི་གཞི་རྩའི་བཅའ་ཁྲིམས》ཀྱི་གཏན་འབེབས་གཞིར་བཟུང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཚང་འཛོམས་གྲོས་ཚོགས་ཐོག་ཧོ་དབྱི་ཁྲེང་ཨའོ་མོན་དམིགས་བསལ་སྲིད་འཛིན་ཁུལ་གྱི་ལས་ཐོག་ལྔ་པའི་སྲིད་འཛིན་དཔོན་ལ་བསྐོ་གཞག་བྱ་རྒྱུའི་གཏན་འབེབས་བྱས་པ་རེད། ཙུང་ལི་ལི་ཁེ་ཆང་གིས་ཧོ་དབྱི་ཁྲེང་ཨའོ་མོན་དམིགས་བསལ་སྲིད་འཛིན་ཁུལ་གྱི་ལས་ཐོག་ལྔ་པའི་སྲིད་འཛིན་དཔོན་ལ་བསྐོ་གཞག་བྱ་རྒྱུའི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བཀའ་རྒྱ་ཨང་719ཡི་ཐོག་མཚན་རྟགས་བཀོད་གནང་བ་རེད།

  
style="display:none;"