མི་དམངས་དྲ་བ།

༄༅༎ཞི་ཅིན་ཕིང་གིས་ཏང་གི་ཐོག་མའི་བསམ་འདུན་དང་འགན་འཁྲི་བློ་ལ་བརྟན་པོར་ངེས་པ་དང་། ཏང་གི་ངོ་བོ་དང་དམིགས་ཡུལ་བློ་ལ་བརྟན་པོར་ངེས་ནས་དུས་རབས་གསར་པའི་རྒྱང་སྐྱོད་ལམ་བུའི་ཐོག་ཡག་པོ་བསྐྱོད་དགོས་ཞེས་གསུངས་པ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 08ཚེས་19ཉིན། 13:34】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

     མི་དམངས་དྲ་བའི་འཕྲིན། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་ཉེ་ཆར“གསར་འགོད་པ་སླར་ཡང་རྒྱང་སྐྱོད་ལམ་བུའི་ཐོག་བསྐྱོད་པ”ཞེས་པའི་བརྗོད་དོན་གཙོ་བོའི་བཅར་འདྲིའི་བྱེད་སྒོར་མཛུབ་སྟོན་གལ་ཆེན་གནང་དོན། ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་70འཁོར་བའི་དུས་མཚམས་སུ། ཏང་ཡོངས་སུ“ཐོག་མའི་བསམ་འདུན་མ་བརྗེད་པར། འགན་འཁྲི་བློ་ལ་བརྟན་པོར་འཆང་བའི་”བརྗོད་དོན་གཙོ་བོའི་སློབ་གསོ་གཏིང་ཟབ་སྤེལ་བའི་དུས་མཚམས་སུ། ཀྲུང་དབྱང་དྲིལ་བསྒྲགས་པུས་སྒྲིག་འཛུགས་བྱས་ནས་སྤེལ་བའི“གསར་འགོད་པ་སླར་ཡང་རྒྱང་སྐྱོད་ལམ་བུའི་ཐོག་བསྐྱོད་པའི”བརྗོད་དོན་གཙོ་བོའི་བཅར་འདྲིའི་བྱེད་སྒོས། བློ་སྟོབས་ཆེ་ཞིང་གནམ་ས་གཡོ་བའི་གསར་བརྗེའི་གཏམ་རྒྱུད་གསོན་ཉམས་དོད་པོའི་ངང་མཚོན་པར་བྱེད་ལ། དེས་ཚེ་སྲོག་དང་ཁྲག་དྲོན་ལས་གྲུབ་པའི་རླབས་ཆེན་གྱི་རྒྱང་སྐྱོད་སྙིང་སྟོབས་རྒྱས་བཤད་བྱ་རྒྱུར་དོན་སྙིང་ཧ་ཅང་ཆེན་པོ་ལྡན་ཡོད་ཅེས་ནན་བཤད་གནང་བ་རེད།
     ཞི་ཅིན་ཕིང་གིས་རླབས་ཆེན་གྱི་རྒྱང་སྐྱོད་སྙིང་སྟོབས་ནི་ཏང་ཡོངས་དང་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཀྱིས་རྒྱུན་ཆད་མེད་པར་འབད་འབུངས་མདུན་སྐྱོད་བྱེད་པའི་བསམ་པའི་སྒུལ་ཤུགས་ཆེན་པོ་ཞིག་ཡིན་པས། རྒྱ་ཆེའི་ཏང་ཡོན་དང་ལས་བྱེད་པས་ཏང་གི་ལོ་རྒྱུས་དང་ཀྲུང་གོ་གསར་པའི་ལོ་རྒྱུས་སློབ་སྦྱོང་ནན་ཏན་བྱས་ནས། དམར་པོའི་སྲིད་དབང་ནི་ལས་སླ་པོར་བྱུང་བ་ཞིག་མིན་པ་དང་། ཀྲུང་གོ་གསར་པ་ནི་ལས་སླ་པོར་བྱུང་བ་ཞིག་མིན་པ། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ནི་ལས་སླ་པོར་བྱུང་བ་ཞིག་མིན་པ་ངོས་འཛིན་གཏིང་ཟབ་དང། ཏང་གི་ཐོག་མའི་བསམ་འདུན་དང་འགན་འཁྲི་བློ་ལ་བརྟན་པོར་ངེས་པ་དང་། ཏང་གི་ངོ་བོ་དང་དམིགས་ཡུལ་བློ་ལ་བརྟན་པོར་ངེས་པ། ཕུགས་བསམ་དང་དད་སེམས་བརྟན་དུ་གཏོང་བ། ཏང་གི་རིགས་པའི་གཞུང་ལུགས་དང་ལམ་ཕྱོགས་དང་བྱེད་ཕྱོགས་སྲིད་ཇུས་བཅས་བློ་བརྟན་འགྱུར་མེད་ངང་ལག་བསྟར་བྱེད་པ། མདུན་སྐྱོད་ཀྱི་ལམ་བུའི་ཐོག་གི“ལོའུ་ཧྲན་ཀོན་”དང་“ལ་ཙི་ཁའོ”གསར་པ་རྒྱུན་མི་ཆད་པར་མཆོང་སྐྱོད་བྱས་ཏེ་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་མངོན་འགྱུར་ཡོང་བའི་ལོ་རྒྱུས་ཀྱི་འཕེལ་རིམ་ཁྲོད་དུས་རབས་གསར་པའི་རྒྱང་སྐྱོད་ལམ་བུའི་ཐོག་ཡག་པོ་བསྐྱོད་དགོས་པའི་རེ་བ་བཏོན་ཡོད།
     ཟླ་8ཚེས་18ཉིན། “བརྗིད་ཆགས་ཡིད་དུ་འོང་བའི་ལོ་70·དུས་རབས་གསར་པར་འབད་འཐབ་བྱེད། གསར་འགོད་པས་སླར་ཡང་རྒྱང་སྐྱོད་ལམ་བུར་བསྐྱོད་པའི”བརྗོད་དོན་གཙོ་བོའི་བཅར་འདྲིའི་བྱེད་སྒོའི་ཕྱོགས་སྡོམ་བཞུགས་མོལ་ཚོགས་འདུ་ཀན་སུའུ་ཧུའེ་ཉིང་དུ་འཚོགས་པ་རེད། ཚོགས་འདུའི་ཐོག་ཞི་ཅིན་ཕིང་གི་གལ་ཆེའི་དགོངས་པ་བརྒྱུད་བསྒྲགས་གནང་ནས། རྒྱལ་ཡོངས་ཀྱི་གསར་འགྱུར་འཐབ་ཕྱོགས་ལ་རླབས་ཆེན་གྱི་རྒྱང་སྐྱོད་སྙིང་སྟོབས་དར་སྤེལ་ཤུགས་ཆེན་གཏོང་བ་དང་། ཏང་གི་ཐོག་མའི་བསམ་འདུན་དང་འགན་འཁྲི་བློ་ལ་བརྟན་པོར་ངེས་པ་དང་། ཏང་གི་ངོ་བོ་དང་དམིགས་ཡུལ་བློ་ལ་བརྟན་པོར་ངེས་ནས་ནུས་ཤུགས་ཡོད་རྒུས་དུས་རབས་གསར་པའི་རྒྱང་སྐྱོད་ལམ་བུའི་ཐོག་ཡག་པོ་བསྐྱོད་དགོས་པའི་འབོད་སྐུལ་གནང་བ་རེད།
     ད་ལོ་ནི་ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་70འཁོར་བའི་ལོ་ཞིག་ཡིན་ལ། དམར་དམག་རྒྱང་སྐྱོད་བྱས་ནས་ལོ་85འཁོར་བའི་ལོ་ཞིག་ཀྱང་ཡིན། ཏང་གི་ཐོག་མའི་བསམ་འདུན་དང་འགན་འཁྲི་མ་བརྗེད་པ་དང་རླབས་ཆེན་གྱི་རྒྱང་སྐྱོད་སྙིང་སྟོབས་དར་སྤེལ་གཏོང་རྒྱུའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་འབོད་སྐུལ་དང་མངགས་བཅོལ་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱ་ཆེད། ཟླ་6ཚེས་11ནས་ཟླ་8ཚེས་18ཉིན་བར། ཀྲུང་དབྱང་དྲིལ་བསྒྲགས་པུས“བརྗིད་ཆགས་ཡིད་དུ་འོང་བའི་ལོ་70·དུས་རབས་གསར་པར་འབད་འཐབ་བྱེད། གསར་འགོད་པས་སླར་ཡང་རྒྱང་སྐྱོད་ལམ་བུའི་ཐོག་བསྐྱོད་པའི”བརྗོད་དོན་གཙོ་བོའི་བཅར་འདྲིའི་བྱེད་སྒོ་སྤེལ་བ་རེད། སྔ་རྗེས་སུ་གསར་འགོད་པ་1300ལྷག་ཙམ་གྱིས་སྐབས་དེའི་དམར་དམག་རྒྱང་སྐྱོད་ཀྱི་གོམ་སྟབས་རྗེས་སྙེག་བྱས་ནས་ཡུལ་དངོས་སུ་བཅར་འདྲི་བྱེད་པར་བསྐྱོད་དེ་རིམ་རྩིས་བྱས་ན་སྤྱི་ལེ་16000ལྷག་ཙམ་ལས་བརྒལ་བ་དང་། གསོན་ཉམས་ལྡན་ལ་རྣམ་པ་སྣ་ཚོགས་ཀྱི་གནས་ཚུལ་10000ལྷག་ཙམ་གཏོང་སྤེལ་བྱས་པས་དྲ་ཐོག་ཏུ་ལྟ་ཀློག་བྱེད་ཚད་ཐེངས་དུང་ཕྱུར་20ཙམ་ཟིན་པ་དང་སྤྱི་ཚོགས་ཐོག་ཚུར་སྣང་ལན་ཆ་ཆེན་པོ་བྱུང་བ་རེད།

  
style="display:none;"