མི་དམངས་དྲ་བ།

༄༅།།ཞི་ཅིན་ཕིང་དང་ཨུ་རུ་སུའི་ཙུང་ཐུང་ཕུའུ་ཅིང་ཀྲུང་ཨུའི་ས་གནས་ཀྱི་འགོ་ཁྲིད་པའི་གླེང་མོལ་ཚོགས་འདུར་ལྷན་དུ་ཞུགས་པ།

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 09ཚེས་13ཉིན། 10:59】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

         མི་དམངས་དྲ་བའི་འཕྲིན། ཟླ་9ཚེས་11ཉིན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཧྥུ་ལ་ཏི་ཨོ་སི་ཐོ་ཁེར་ཨུ་རུ་སུའི་ཙུང་ཐུང་ཕུའུ་ཅིང་དང་ལྷན་དུ་ཀྲུང་གོ་དང་ཨུ་རུ་སུའི་ས་གནས་ཀྱི་འགོ་ཁྲིད་པའི་གླེང་མོལ་ཚོགས་འདུར་ཞུགས་པ་རེད།
         རྒྱལ་ཁབ་གཉིས་པོའི་གཙོ་བདག་གིས་ཕྱོགས་གཉིས་པོའི་འཐུས་མིས་སྙན་སྒྲོན་ཞུས་པའི་ད་ཐེངས་ཀྱི་གླེང་མོལ་ཚོགས་འདུའི་གནས་ཚུལ་དང་ཀྲུང་གོ་དང་ཨུ་རུ་སུའི་ས་གནས་མཉམ་ལས་ཀྱི་གནས་ཚུལ་གསན་རྗེས་ཁག་སོ་སོར་ཤིས་ཚིག་གསུངས་པ་རེད།
         ཞི་ཅིན་ཕིང་གིས་ཀྲུང་གོ་དང་ཨུ་རུ་སུ་གཉིས་ནི་ཕན་ཚུན་ཁྱིམ་མཚེས་རྒྱལ་ཁབ་ཆེ་ཤོས་དང་ཕྱོགས་ཡོངས་ཀྱི་འཐབ་ཇུས་མཉམ་ལས་རོགས་ཟླ་གལ་ཆེ་ཤོས་དེ་ཡིན་པས་ཐུན་མོང་གི་ཁེ་ཕན་རྒྱ་ཁྱབ་ལྡན་ཡོད། ཕྱོགས་གཉིས་པོས་མཉམ་ལས་ལ་ཤུགས་སྣོན་བརྒྱབ་ནས་ཁེ་ཕན་མཉམ་འདྲེས་གཏིང་ཟབ་བྱས་པ་དེས་ལག་གདང་སྦྲེལ་ནས་ཕྱི་ཕྱོགས་ཀྱི་ཉེན་ཁ་དང་འགྲན་སློང་སེལ་རྒྱུར་ཕན་ཐོགས་ཡོད་ལ་ཐུན་མོང་གི་དར་རྒྱས་གོང་འཕེལ་ལ་སྐུལ་འདེད་གཏོང་རྒྱུར་ཡང་ཕན་ཐོགས་ཡོད། ས་གནས་མཉམ་ལས་བྱ་རྒྱུ་དེས་ཀྲུང་གོ་དང་ཨུ་རུ་སུའི་འབྲེལ་བའི་ཁྲོད་གནས་བབ་གལ་ཆེན་བཟུང་ཡོད། རྒྱལ་ཁབ་ཁག་མཉམ་ལས་བྱེད་པར་ས་གནས་ལ་བརྟེན་པ་དང་། ས་གནས་སུ་གཞི་ཚུགས་པ། ས་གནས་ལ་ཕན་བདེ་བསྐྲུན་པ་བཅས་བྱེད་དགོས། ས་གནས་མཉམ་ལས་བྱེད་ཚད་ཇི་ཙམ་གྱིས་དམ་ཟབ་བྱུང་ཚེ་རྒྱལ་ཁབ་གཉིས་པོའི་གཉིས་ཁེ་མཉམ་ལས་ཀྱི་རྨང་གཞི་དེ་ཙམ་གྱིས་བརྟན་པོ་ཡོང་ཐུབ། དུས་རབས་རྒྱབ་ལྗོངས་གསར་པའི་འོག་ཀྲུང་གོ་དང་ཨུ་རུ་སུའི་ས་གནས་མཉམ་ལས་ཐད་དུས་བབ་གསར་པ་དང་། ལས་འགན་གསར་པ། བླང་བྱ་གསར་པ་བཅས་འཕྲད་པ་དང་དུས་མཚུངས་ལོ་རྒྱུས་རང་བཞིན་གྱི་གོ་སྐབས་གསར་པའང་བསུས་ཡོད་ཅེས་བསྟན་གནང་བ་རེད།
         ཞི་ཅིན་ཕིང་གིས་རྒྱལ་ཁབ་གཉིས་པོའི་འབྱུང་འགྱུར་གྱི་ས་གནས་མཉམ་ལས་ཐད་གྲོས་འགོ་ཁག་བཞི་བཏོན་གནང་བ་སྟེ། གཅིག་ནས་ས་གནས་སྲིད་གཞུང་གི་ནུས་པ་འདོན་སྤེལ་བྱས་ནས་སྤྱི་འདོམས་མཐུན་སྦྱོར་ལ་ཤུགས་སྣོན་རྒྱག་པ་དང་། སྲིད་ཇུས་ཀྱི་ཁོར་ཡུག་ལེགས་སུ་ཏན་ཏིག་གཏོང་བ། ས་གནས་དེ་བས་མང་བ་མཉམ་ལས་བྱ་རྒྱུར་སྐུལ་འདེད་གཏོང་བ་བཅས་བྱས་ཏེ་རྒྱལ་ཁབ་གཉིས་པོའི་ཁེ་ལས་དབར་ཕན་ཚུན་མ་འཇོག་བྱེད་པར་དེ་བས་སྤུས་ལེགས་ཀྱི་ཚོང་གཉེར་ཁོར་ཡུག་དང་དེ་བས་སྟབས་བདེའི་མཉམ་ལས་ཆ་རྐྱེན་བསྐྲུན་དགོས་པ་དང་། གཉིས་ནས་མཉམ་ལས་ཀྱི་བསམ་ཕྱོགས་གསར་གཏོད་བྱས་ཏེ་མཉམ་ལས་ཀྱི་ས་ཁོངས་རྒྱ་བསྐྱེད་གཏོང་བ་དང་མཉམ་ལས་ཀྱི་ལས་སྟེགས་སྤྱོད་མཁས་པོ་བྱས་ནས་ད་ཡོད་ཀྱི་ལམ་སྲོལ་འཕེལ་རྒྱས་ཡག་པོ་བཏང་ཐོག་ས་ཁོངས་མཉམ་ལས་ཀྱི་བྱེད་སྟངས་གསར་པ་གྲོས་བསྡུར་བྱེད་པ་དང་སྐུལ་འདེད་གཏིང་ཟབ་གཏོང་དགོས་པ། གསུམ་ནས་ལེགས་ཆ་སྔོག་འདོན་དང་གསབ་རེས་ཡག་པོ་བྱས་ཏེ་ས་གནས་ཀྱི་ཁྱད་ཆོས་མངོན་གསལ་དོད་པོ་དང་། མཉམ་ལས་གནད་སྨིན་འབྲེལ་མཐུད་མངོན་འགྱུར་བྱེད་པ། སྤུས་ལེགས་ཀྱི་ཐོན་ཁུངས་བསྡུ་སྒྲིལ་བྱེད་པ། མཉམ་ལས་ཀྱི་ནང་གནས་སྒུལ་ཤུགས་འཕེལ་བར་བྱེད་པ། ལེགས་ཆ་དེ་གྲུབ་འབྲས་སུ་སྒྱུར་བ། མཉམ་ལས་ཀྱི་བཀྲག་མདངས་འཚེར་ས་གཏོད་པ་བཅས་བྱེད་དགོས་པ། བཞི་ནས་སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་སྤེལ་རེས་དམ་ཟབ་བྱས་ཏེ་མཉམ་ལས་ཀྱི་གཙོ་རྒྱུན་དམངས་འདུན་དང་སྤྱི་ཚོགས་ཀྱི་རྨང་གཞིར་ཤུགས་སྣོན་བརྒྱབ་ཐོག་རྒྱལ་ཁབ་གཉིས་པོའི་ས་གནས་ཀྱི་རིག་གནས་དང་། ཡུལ་སྐོར། སློབ་གསོ། སྨྱན་སྦྱོར་སོགས་ཁྱབ་ཁོངས་ཀྱི་སྤེལ་རེས་ལམ་སྲོལ་ཅན་དང་རྒྱུན་རྣམ་ཅན་ལ་སྐུལ་འདེད་བཏང་སྟེ་ཕན་ཚུན་གྱི་མགུ་སེམས་དང་མོས་སེམས་ཟབ་ཏུ་གཏོང་དགོས་པ་བཅས་རེད།
         ཞི་ཅིན་ཕིང་གིས་འདི་ལོའི་ལོ་འགོར་ང་དང་ཙུང་ཐུང་ཕུའུ་ཅིང་གིས་2018ལོ་དང་2019ལོར་ཀྲུང་གོ་དང་ཨུ་རུ་སུའི་ས་གནས་མཉམ་ལས་ཀྱི་སྤེལ་རེས་ལོ་གཉེར་རྒྱུའི་གཏན་འབེབས་བྱས་ཏེ་ས་གནས་མཉམ་ལས་བྱ་རྒྱུ་དེ་འདི་ལོ་དང་ཕྱི་ལོ་ལོ་གཉིས་ཀྱི་ཕྱོགས་གཉིས་པོའི་མཉམ་ལས་ཀྱི་གཙོ་རྐང་དུ་གཏན་འཁེལ་བྱས་ཡོད། ཀྲུང་གོ་དང་ཨུ་རུ་སུའི་ས་གནས་མཉམ་ལས་བྱ་རྒྱུ་དེ་སྐབས་དང་ཏག་ཏག་འཁེལ་བ་དང་རྒྱལ་ཁབ་གཉིས་པོའི་སྲིད་གཞུང་གིས་ས་ཆ་ཁག་གིས་མཉམ་ལས་ཀྱི་གྲུབ་འབྲས་ཆེན་པོ་བཏོད་དེ་མཉམ་ལས་ཀྱི་གྲུབ་འབྲས་མཉམ་སྤྱོད་བྱ་རྒྱུར་རྒྱབ་སྐྱོར་བྱ་རྒྱུ་ཡིན། རེ་བར་ཀྲུང་གོ་དང་ཨུ་རུ་སུ་རྒྱལ་ཁབ་གཉིས་པོའི་ཞིང་ཆེན་དང་ཀྲོའུ་ཁག་གི་འཐུས་མིས་ཀྲུང་གོ་དང་ཨུ་རུ་སུའི་ས་གནས་མཉམ་ལས་སྤེལ་རེས་ལོའི་གོ་སྐབས་དང་བསྟུན་ནས་ཀྲུང་གོ་དང་ཨུ་རུ་སུའི་ས་གནས་མཉམ་ལས་ཀྱི་དུས་རབས་གསར་པ་ཐུན་མོང་ཐོག་བཏོད་དེ་རྒྱལ་ཁབ་གཉིས་པོའི་འབྲེལ་བ་འཕེལ་རྒྱས་གཏོང་ཆེད་ནུས་པ་ཕྲན་བུ་འདོན་དགོས་ཞེས་ནན་བཤད་གནང་བ་རེད།
         ཕུའུ་ཅིང་གིས་ས་གནས་མཉམ་ལས་ནི་ཨུ་རུ་སུ་དང་ཀྲུང་གོའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་མཉམ་ལས་རོགས་ཟླའི་འབྲེལ་བའི་གྲུབ་ཆ་གལ་ཆེན་ཞིག་རེད། རྒྱལ་ཁབ་གཉིས་པོའི་ས་གནས་དབར་དཔལ་འབྱོར་ཚོང་དོན་དང་སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་སྤེལ་རེས་ཀྱི་མཉམ་ལས་དམ་ཟབ་བྱས་པར་ཧ་ཅང་དགའ་པོ་བྱུང་། ཨུ་རུ་སུ་སྲིད་གཞུང་གིས་ཀྲུང་གོའི་ཁེ་ལས་ཨུ་རུ་སུར་མ་འཇོག་ལས་དར་བྱེད་པར་ཡོང་རྒྱུར་དགའ་བསུ་ཞུ་རྒྱུ་ཡིན་ལ་རྒྱལ་ཁབ་གཉིས་པོའི་ས་གནས་མཉམ་ལས་ལ་ཤུགས་སྣོན་རྒྱག་ཆེད་མུ་མཐུད་ཆ་རྐྱེན་དང་ཁོར་ཡུག་བཟང་པོ་བསྐྲུན་འདོད་ཡོད། དུས་བབ་གསར་པའི་འོག་ཨུ་རུ་སུ་དང་ཀྲུང་གོ་ཕྱོགས་གཉིས་པོས་ས་གནས་མཉམ་ལས་ཀྱི་སྤེལ་རེས་ལོ་གོ་སྐབས་སུ་བྱས་ནས་ཕན་ཚུན་འབྲེལ་མཐུད་ཀྱི་ཆུ་ཚད་མཐོ་རུ་གཏོང་བ་དང་། ཚོང་དོན་དང་མ་འཇོག་རང་མོས་ཅན་དང་སྟབས་བདེ་ཅན་དུ་སྐུལ་འདེད་གཏོང་བ། དམངས་ཁྲོད་ཀྱི་མཛའ་གྲོགས་ཟབ་ཏུ་གཏོང་བ་བཅས་བྱས་ཏེ་རྒྱལ་ཁབ་གཉིས་པོའི་ས་གནས་མཉམ་ལས་ལ་སྐུལ་འདེད་བཏང་ནས་རྒྱལ་ཁབ་གཉིས་པོའི་མི་དམངས་ལ་ཕན་པའི་གྲུབ་འབྲས་དེ་བས་མང་བ་ཐོབ་པ་བྱེད་དགོས་ཞེས་གསུངས་པ་རེད།