མི་དམངས་དྲ་བ།

༄༅།།སྔ་ཕྱི་བར་གསུམ་དུ་གནད་དོན་ཕྱོགས་སྟོན་དུ་འཛིན་རྒྱུ་མཐའ་འཁྱོངས་དང“ནན་ཤོས་བཞིའི”སྤྱིའི་བླང་བྱ་
དོན་འཁྱོལ་བྱས་ནས་གནད་དོན་རྒྱུན་མཐུད་ངང་ཐག་གཅོད་བྱེད་པའི་ཁྲོད་བཟའ་བཅའི་བདེ་འཇགས་ལས་
དོན་ལ་སྐུལ་འདེད་གཏོང་དགོས་ཞེས་ནན་བཤད་གནང་བ། 

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 09ཚེས་10ཉིན། 10:36】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

      མི་དམངས་དྲ་བའི་འཕྲིན། ཚེས་7ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ། རྒྱལ་སྲིད་སྤྱི་ཁྱབ་ཁང་བཟའ་བཅའ་བདེ་འཇགས་ཨུ་ལྷན་གྱི་ཀྲུའུ་རེན་བཅས་ཡིན་པའི་ཧན་ཀྲེང་གིས་རྒྱལ་སྲིད་སྤྱི་ཁྱབ་ཁང་བཟའ་བཅའ་བདེ་འཇགས་ཨུ་ལྷན་གྱི་ཚང་འཛོམས་གྲོས་ཚོགས་ཐེངས་དང་པོ་གཙོ་སྐྱོང་གནང་བ་དང་འབྲེལ་གསུང་བཤད་ཀྱང་གནང་བ་རེད། ཚོགས་འདུའི་ཐོག་བཟའ་བཅའི་བདེ་འཇགས་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་དང་། ཙུང་ལི་ལི་ཁེ་ཆང་གིས་བཏོན་གནང་བའི་ལས་ཀའི་བླང་བྱ་ལག་བསྟར་དོན་འཁྱོལ། བཟའ་བཅའི་བདེ་འཇགས་ལས་དོན་གནས་ཚུལ་གྱི་སྙན་སེང་གསན་པ། འབྲེལ་ཡོད་ཡིག་ཆར་གྲོས་ཞིབ། མིག་སྔ་དང་སླད་ཕྱིན་དུས་མཚམས་ཤིག་རིང་གི་བཟའ་བཅའི་བདེ་འཇགས་ལས་དོན་ལ་ཞིབ་འཇུག་དང་བཀོད་སྒྲིག་བཅས་གནང་བ་རེད།
     ཧན་ཀྲེང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བཟའ་བཅའི་བདེ་འཇགས་ལས་དོན་ཐད་བཏོན་གནང་བའི“ནན་ཤོས་བཞིའི”སྤྱིའི་བླང་བྱ་ངེས་པར་དུ་ལག་བསྟར་དོན་འཁྱོལ་བྱེད་དགོས་ཤིང་། ཚད་གཞིའི་ལས་དོན་ལ་ཚད་མཐོའི་མཐོང་ཆེན་བྱེད་དགོས། ཚད་གཞི་ནི་བཟའ་བཅའི་བདེ་འཇགས་ཀྱི་གཞི་རྩའི་འདེགས་སྐྱོར་དང་འགག་རྩའི་རྒྱུ་རྐྱེན་ཡིན་པས་ཚད་གཞིའི་མ་ལག་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་དགོས་ལ་ད་ཡོད་ཀྱི་ཚད་གཞི་བཟོ་བཅོས་དང་འཐུས་སྒོ་ཚང་དུ་བཏང་ནས་རང་རྒྱལ་གྱི་བཟའ་བཅའི་བདེ་འཇགས་ཚད་གཞི་དང་རྒྱལ་སྤྱིའི་ཚད་གཞི་གང་མགྱོགས་སྦྲེལ་མཐུད་ཐུབ་པ་བྱེད་དགོས། བརྒྱུད་རིམ་ཧྲིལ་པོའི་ལྟ་སྐུལ་དོ་དམ་ལ་ཤུགས་སྣོན་ཏན་ཏིག་བརྒྱབ་ནས་བཟའ་བཅའ་ཞིང་ནང་ནས་གསོལ་ལྕོག་སྟེང་བར་གཏོང་བའི་འགག་སྒོ་ཚང་མ་ཡག་པོ་སྲུང་བ་དང་། བཟའ་བཅའི་ཐོན་སྐྱེད་དང་། འགྲོ་རྒྱུག འཛད་སྤྱོད་བཅས་ཀྱི་བརྒྱུད་རིམ་ཧྲིལ་པོར་ཁྱབ་པའི་སྦྲེལ་ཐག་གི་ལྟ་སྐུལ་དོ་དམ་ལམ་ལུགས་འཐུས་སྒོ་ཚང་དུ་བཏང་ནས་ལྟ་སྐུལ་དོ་དམ་གྱི“སྲུབས་ཀ”བཀག་དགོས། སྤྱི་ཚོགས་ཕྱོགས་ཁག་གི་སྟོབས་ཤུགས་ལྟ་སྐུལ་དོ་དམ་ནང་ཞུགས་རྒྱུར་སྐུལ་སློང་བྱས་ཏེ་ཞུ་གཏུག་དང་ཐེར་འདོན་ལམ་ལུགས་འཐུས་སྒོ་ཚང་དུ་གཏོང་བ་དང་ཐེར་འདོན་བྱས་པར་བྱ་དགའ་སྤྲོད་ཤུགས་ཆེ་རུ་གཏོང་ཁར་ཐེར་འདོན་མི་སྣར་སྲུང་སྐྱོང་ཡག་པོ་བྱེད་དགོས། འབྲེལ་ཡོད་ཆ་འཕྲིན་འཕྲལ་དུ་སྒམ་བཙན་ཡོངས་བསྒྲགས་བྱེད་པ་དང་འབྲེལ་སྨྱན་སྦྱོར་ལ་ལྟ་སྐུལ་བྱ་རྒྱུར་རྒྱབ་སྐྱོར་དང་སྐུལ་ལྕག་བྱེད་དགོས། བྱེད་ཐབས་ནུས་ལྡན་སྤྱད་དེ་ཁྲིམས་འཛིན་གྱི་མ་གནས་མཐོ་བ་དང་ཁྲིམས་འགལ་གྱི་མ་གནས་དམའ་བའི་གནད་དོན་ཐག་གཅོད་ཏན་ཏིག་བྱེད་དགོས། ལས་རྒྱུ་འབྲས་མ་བརྩིས་པར་རྫུན་བཟོ་རྫུས་ཚོང་དང་ཀུན་སྤྱོད་དང་མ་མཐུན་པའི་བྱ་སྤྱོད་ལ་ངེས་པར་དུ་ཚེ་གང་ལས་རིགས་དེར་གཞོལ་དུ་འཇུག་མི་རུང་ལ་ཁེ་ལས་ཀྱི་ཁྲིམས་མིར་ཡང་ཆད་པ་གཅོད་དགོས། ཏང་སྲིད་གཉིས་འགན་འཁྲི་གཅིག་པ་ཡིན་པ་དང་ས་གནས་ཀྱིས་སྤྱིའི་འགན་འཁྲི་ཁུར་བའི་བླང་བྱ་དོན་འཁྱོལ་ཏན་ཏིག་བྱས་ནས་བཟའ་བཅའི་བདེ་འཇགས་ལས་དོན་དོན་ཐོག་ཏུ་འཁྱོལ་རྒྱུར་སྐུལ་འདེད་གཏོང་དགོས་པའི་ནན་བཤད་གནང་བ་རེད།