མི་དམངས་དྲ་བ།

༄༅།།ཞི་ཅིན་ཕིང་གིས་ཨུ་རུ་སུའི་ཙུང་ཐུང་ཕུའུ་ཅིང་དང་གྲོས་མོལ་གནང་བ། 

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 09ཚེས་13ཉིན། 10:56】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

༄༅།།ཞི་ཅིན་ཕིང་གིས་ཨུ་རུ་སུའི་ཙུང་ཐུང་ཕུའུ་ཅིང་དང་གྲོས་མོལ་གནང་བ།

          མི་དམངས་དྲ་བའི་འཕྲིན། ཟླ་9ཚེས་11ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཧྥུ་ལ་ཏི་ཨོ་སི་ཐོ་ཁེ་གྲོང་ཁྱེར་དུ་ཨུ་རུ་སུའི་ཙུང་ཐུང་ཕུའུ་ཅིང་དང་གྲོས་མོལ་གནང་བ་རེད། རྒྱལ་ཁབ་གཉིས་པོའི་གཙོ་བདག་གིས་འདི་ལོ་ཚུན་དུ་ཀྲུང་ཨུ་རྒྱལ་ཁབ་གཉིས་པོའི་འབྲེལ་བའི་ཐད་དེ་བས་དགེ་མཚན་ལྡན་པའི་གོང་འཕེལ་འགྲོ་ཚུལ་མངོན་ནས་ཆུ་ཚད་དེ་བས་མཐོ་བ་དང་། འཕེལ་རྒྱས་དེ་བས་མགྱོགས་པའི་དུས་སྐབས་གསར་པར་སླེབས་ཡོད་པའི་ངོས་འཛིན་གཅིག་མཐུན་གནང་བ་དང་། རྒྱལ་སྤྱིའི་དུས་བབ་ལ་འགྱུར་ལྡོག་ཇི་ལྟར་བྱུང་རུང་། ཀྲུང་ཨུ་རྒྱལ་ཁབ་གཉིས་པོས་རྒྱལ་ཁབ་གཉིས་པོའི་འབྲེལ་བ་གོང་འཕེལ་བརྟན་པོ་བཏང་ནས་བློ་བརྟན་འགྱུར་མེད་ངང་འཛམ་གླིང་ཞི་བདེ་དང་བརྟན་ལྷིང་སྲུང་སྐྱོང་བྱེད་རྒྱུའི་མོས་མཐུན་གཅིག་མཐུན་གནང་བ་རེད།
         ཞི་ཅིན་ཕིང་གིས་འདི་ལོ་ཚུན་དུ་ང་དང་སྐུ་ཞབས་ཙུང་ཐུང་གིས་པེ་ཅིང་དང་གཡོད་ཧན་ནེ་སི་པའོ་རུ་ཁག་སོ་སོར་གྲུབ་འབྲས་ཐོབ་པའི་ཞལ་འཛོམས་བྱུང་ཡོད། ཀྲུང་ཨུ་རྒྱལ་ཁབ་གཉིས་པོས་མཐོ་རིམ་དབར་འགྲོ་འོང་དམ་ཟབ་བྱེད་རྒྱུ་རྒྱུན་འཁྱོངས་བྱས་པས་རྒྱལ་ཁབ་གཉིས་པོའི་འབྲེལ་བའི་ཆུ་ཚད་མཐོ་པོ་ཡིན་པ་དང་དམིགས་བསལ་རང་བཞིན་མངོན་ཡོད་ལ། རང་སོ་སོའི་ཕྱི་འབྲེལ་གྲོས་རིམ་ནང་གི་རྒྱལ་ཁབ་གཉིས་པོའི་འབྲེལ་བའི་སྔོན་ཚུད་ཀྱི་གནས་བབ་ཀྱང་མངོན་ཡོད། ཕྱོགས་གཉིས་པོའི་ཐུན་མོང་འབད་བརྩོན་འོག་རྒྱལ་ཁབ་གཉིས་པོའི་འབྲེལ་བའི་ཆབ་སྲིད་ཀྱི་ལེགས་ཆ་དེ་དངོས་དངོས་རྗེན་རྗེན་གྱི་མཉམ་ལས་གྲུབ་འབྲས་སུ་སྒྱུར་བཞིན་ཡོད། ཕར་ཕྱོགས་ཀྱིས་རང་རྒྱལ་ཁབ་ཀྱི་གནས་ཚུལ་དང་འཚམ་པའི་འཕེལ་རྒྱས་ཀྱི་འགྲོ་ལམ་ཐོག་བསྐྱོད་རྒྱུར་ཕྱོགས་གཉིས་པོས་ཕན་ཚུན་རྒྱབ་སྐྱོར་བརྟན་པོ་བྱེད་པ་དང་། ཕར་ཕྱོགས་ཀྱིས་རང་ངོས་ཀྱི་བདེ་འཇགས་དང་འཕེལ་རྒྱས་ཀྱི་ཁེ་དབང་སྲུང་སྐྱོང་བྱེད་རྒྱུར་རྒྱབ་སྐྱོར་བརྟན་པོ་བྱས་ནས་རྒྱལ་ཁབ་ཆེན་པོ་དང་ཁྱིམ་མཚེས་རྒྱལ་ཁབ་ཀྱི་འབྲེལ་བའི་དཔེ་མཚོན་བཏོད་ཡོད། ཕྱོགས་གཉིས་པོས་སྲོལ་རྒྱུན་མཛའ་གྲོགས་འབྲེལ་བ་ཟབ་ཏུ་གཏོང་བ་དང་། ཕྱོགས་ཡོངས་མཐུན་སྦྱོར་ལ་ཤུགས་སྣོན་བརྒྱབ་ནས་ཀྲུང་ཨུ་རྒྱལ་ཁབ་གཉིས་པོའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་མཉམ་ལས་ཀྱི་རོགས་ཟླའི་འབྲེལ་བ་མཐོ་ཚད་གསར་པར་སླེབས་རྒྱུར་སྐུལ་འདེད་བཏང་ཐོག་རྒྱལ་ཁབ་གཉིས་པོའི་མི་དམངས་ལ་ཕན་པ་བསྐྲུན་དགོས་པའི་མཛུབ་སྟོན་གནང་བ་རེད།
         ཞི་ཅིན་ཕིང་གིས་ཀྲུང་ཨུ་ཕྱོགས་གཉིས་པོས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་དང་ཡོ་རོབ་དང་ཨེ་ཤེ་ཡའི་དཔལ་འབྱོར་མནའ་འབྲེལ་སྦྲེལ་མཐུད་མཉམ་ལས་བྱེད་ཟབ་ཏུ་གཏོང་བ་དང་། ནུས་རྒྱུ་དང་། ཞིང་ལས། ཚན་རྩལ་གསར་གཏོད། དངུལ་རྩ་སོགས་ཀྱི་ཁྱབ་ཁོངས་མཉམ་ལས་བྱེད་རྒྱ་ཆེ་རུ་གཏོང་བ། གཙོ་གནད་རྣམ་གྲངས་ལག་བསྟར་བརྟན་པོ་བྱེད་རྒྱུར་སྐུལ་འདེད་གཏོང་བ། ཚན་རིག་ལག་རྩལ་གསར་ཤོས་ཐུན་མོང་ཐོག་ཞིབ་འཇུག་བྱེད་པ། འདི་ལོ་དང་ཕྱི་ལོའི་ཀྲུང་ཨུའི་ས་གནས་མཉམ་ལས་སྤེལ་རེས་ལོའི་གོ་སྐབས་ཡག་པོ་སྤྱོད་པ། རྒྱལ་ཁབ་གཉིས་པོའི་ས་གནས་དེ་བས་མང་བའི་ཧུར་སེམས་སྐོང་འཐེན་བྱེད་པ་བཅས་བྱས་ནས་དེ་བས་རྒྱ་ཁྱབ་ཀྱི་མཉམ་ལས་བྱེད་དགོས་པའི་ནན་བཤད་གནང་བ་རེད།
         ཞི་ཅིན་ཕིང་གིས་ཕར་ཕྱོགས་ཀྱིས་མཛད་སྒོ་ཆེ་གྲས་གཉེར་རྒྱུར་ཕན་ཚུན་རྒྱབ་སྐྱོར་བྱེད་རྒྱུ་ནི་ཀྲུང་ཨུ་ཕྱོགས་གཉིས་པོའི་སྲོལ་རྒྱུན་བཟང་པོ་ཞིག་རེད། ཤར་ཕྱོགས་དཔལ་འབྱོར་གླེང་སྟེགས་ནི་སྐུ་ཞབས་ཙུང་ཐུང་སྐུ་ངོ་མས་གྲོས་འགོ་བཏོན་ནས་གཉེར་བ་ཞིག་རེད། ད་ཆ་དེ་ཕྱོགས་ཁག་གིས་བློ་གྲོས་གཅིག་སྡུད་དང་ས་ཁུལ་གྱི་མཉམ་ལས་ལ་མཉམ་དུ་གྲོས་བསྡུར་བྱེད་པའི་ལས་སྟེགས་གལ་ཆེན་ཞིག་ཏུ་གྱུར་ཡོད། སྐབས་འདིའི་གླེང་སྟེགས་ཀྱིས་ཕྱོགས་གཉིས་པོས་རྒྱང་ཤར་མཉམ་ལས་ཚུད་པའི་ས་གནས་ཀྱི་མཉམ་ལས་བྱེད་ཟབ་ཏུ་གཏོང་རྒྱུར་གོ་སྐབས་གསར་པ་སྦྱིན་ངེས་ཡིན་པའི་ཡིད་ཆེས་ཡོད་ཅེས་མཛུབ་སྟོན་གནང་བ་རེད།
         ཞི་ཅིན་ཕིང་གིས་ཀྲུང་གོ་དང་ཨུ་རུ་སུ་ནི་མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་ལས་འགན་རྒྱུན་འཛིན་བྱེད་མཁན་རྒྱལ་ཁབ་དང་གསར་དར་ཁྲོམ་རའི་རྒྱལ་ཁབ་གཙོ་བོ་ཞིག་ཡིན་པས་འཛམ་གླིང་ཞི་བདེ་དང་བརྟན་ལྷིང་སྲུང་སྐྱོང་དང་། དར་རྒྱས་གོང་འཕེལ་ལ་སྐུལ་འདེད་གཏོང་བའི་ལས་འགན་ལྕི་པོ་ཕྲག་ཐོག་ཏུ་ཁུར་ཡོད། མཉམ་འབྲེལ་རྒྱལ་ཚོགས་དང་། ཧྲང་ཧའེ་མཉམ་ལས་རྩ་འཛུགས། འབོ་གསེར་རྒྱལ་ཁབ་སོགས་ཀྱི་ཕྱོགས་མང་སྒྲོམ་གཞིའི་ནང་ཀྲུང་ཨུ་རྒྱལ་ཁབ་གཉིས་པོས་འབྲེལ་གཏུག་དང་གཞོགས་འདེགས་དམ་ཟབ་བྱས་ཏེ། རྒྱལ་སྤྱིའི་སྤྱི་ཚོགས་དང་མཉམ་དུ་གླེང་མང་བའི་གནད་དོན་དག་ཆབ་སྲིད་ཀྱི་ཐོག་ནས་ཐག་གཅོད་བྱེད་པའི་འཕེལ་རིམ་ལ་སྐུལ་འདེད་གཏོང་བ་དང་། རྒྱལ་སྤྱིའི་དྲང་གཞག་དྲང་བདེན་དང་འཛམ་གླིང་གི་ཞི་བདེ་དང་བརྟན་ལྷིང་ལག་གདང་སྦྲེལ་ནས་སྲུང་སྐྱོང་བྱེད་པ། བློ་བརྟན་འགྱུར་མེད་ཀྱིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྩ་ཁྲིམས་ཀྱི་དམིགས་ཡུལ་དང་རྩ་དོན་སྲུང་སྐྱོང་བྱེད་པ། ཕྱོགས་རྐྱང་རིང་ལུགས་དང་ཚོང་དོན་སྲུང་སྐྱོང་རིང་ལུགས་ལ་ཐུན་མོང་ཐོག་ངོ་རྒོལ་བྱེད་པ་བཅས་བྱས་ནས་རྒྱལ་སྤྱིའི་འབྲེལ་བ་གསར་པ་དང་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་གཏོད་རྒྱུར་སྐུལ་འདེད་གཏོང་དགོས་ཞེས་ནན་བཤད་གནང་བ་རེད།
         ཕུའུ་ཅིང་གིས་ཀྲུའུ་ཞི་ཞི་ཅིན་ཕིང་གདན་ཞུས་ལྟར་ཤར་ཕྱོགས་དཔལ་འབྱོར་གླེང་སྟེགས་ལ་ཕེབས་པར་སྙིང་དབུས་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་དང་སྦྲགས་སྤྲོ་སེམས་འཁོལ་བའི་དགའ་བསུ་ཞུ་རྒྱུ་ཡིན། ང་དང་ཀྲུའུ་ཞི་ཞི་ཅིན་ཕིང་དབར་སྤེལ་རེས་དང་འགྲོ་འོང་དམ་ཟབ་རྒྱུན་འཁྱོངས་བྱེད་ཀྱི་ཡོད། དེ་ཐོག་ནས་ཨུ་ཀྲུང་རྒྱལ་ཁབ་གཉིས་པོའི་འབྲེལ་བའི་ཆུ་ཚད་མཐོ་པོ་མཚོན་གྱི་ཡོད། ཉེ་ལམ་ལོ་ཤས་རིང་། ཨུ་ཀྲུང་རྒྱལ་ཁབ་གཉིས་པོའི་འབྲེལ་བའི་ཐད་འཕེལ་རྒྱས་ཤུགས་ཆེན་འགྲོ་ཚུལ་མངོན་ཡོད་པ་དང་། 
         ཕྱོགས་གཉིས་པོའི་དབར་ཕན་ཚུན་ཡིད་ཆེས་བྱེད་ཤུགས་ཉིན་རེ་བཞིན་ཆེ་རུ་ཕྱིན་ནས་ཆབ་སྲིད་དང་། དཔལ་འབྱོར། བདེ་འཇགས་སོགས་ཀྱི་ཁྱབ་ཁོངས་སུ་མཉམ་ལས་ཀྱི་གྲུབ་འབྲས་གཡུར་དུ་ཟ་བ་ཐོབ་ཡོད། ཕྱོགས་གཉིས་པོས་ཡོ་རོབ་དང་ཨེ་ཤེ་ཡའི་དཔལ་འབྱོར་མནའ་འབྲེལ་དང“རྒྱུད་གཅིག་ལམ་གཅིག”སྦྲེལ་མཐུད་མཉམ་ལས་ལ་མུ་མཐུད་སྐུལ་འདེད་གཏོང་བ་དང་། མ་འཇོག་དང་། ནུས་རྒྱུ། འཇིག་རྟེན་འཕུར་སྐྱོད། དངུལ་རྩ། དྲ་ཐོག་ཚོང་དོན་སོགས་ཀྱི་ཁྱབ་ཁོངས་སུ་མཉམ་ལས་བྱེད་རྒྱ་ཆེ་རུ་གཏོང་བ། སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་སྤེལ་རེས་བྱེད་ཟབ་ཏུ་གཏོང་བ། ས་གནས་ཀྱི་མཉམ་ལས་ལ་སྐུལ་འདེད་གཏོང་བ་བཅས་བྱེད་དགོས། ཨུ་ཀྲུང་རྒྱལ་ཁབ་གཉིས་པོས་མིག་སྔའི་རྒྱལ་སྤྱིའི་དུས་བབ་ལ་ལྟ་སྟངས་གཅིག་མཚུངས་འཛིན་གྱི་ཡོད་པས་ཕྱོགས་གཉིས་པོས་རྒྱལ་སྤྱིའི་ལས་དོན་ཁྲོད་མཐུན་སྦྱོར་དང་གཞོགས་འདེགས་བྱ་རྒྱུར་ཤུགས་སྣོན་བརྒྱབ་སྟེ། ཕྱོགས་རྐྱང་པའི་རིང་ལུགས་ལ་ངོ་རྒོལ་མཐའ་གཅིག་ཏུ་བྱེད་པ་དང་། དྲང་གཞག་དང་ལུགས་མཐུན་གྱི་རྒྱལ་སྤྱིའི་སྒྲིག་ལམ་སྲུང་སྐྱོང་བྱས་ནས་ཐུན་མོང་ཐོག་དར་རྒྱས་གོང་འཕེལ་ཡོང་བ་བྱེད་དགོས་ཞེས་གསུངས་པ་རེད།
         ད་དུང་ཕྱོགས་གཉིས་པོས་ཐུན་མོང་ཐོག་དོ་ཁུར་བྱེད་པའི་རྒྱལ་སྤྱི་དང་ས་ཁུལ་གྱི་གནད་དོན་ཐད་གཟིགས་ཚུལ་སྤེལ་རེས་གཏིང་ཟབ་གནང་བ་རེད།
         གྲོས་མོལ་མཇུག་འགྲིལ་རྗེས། རྒྱལ་ཁབ་གཉིས་པོའི་གཙོ་བདག་གིས་ཕྱོགས་གཉིས་པོའི་མཉམ་ལས་ཀྱི་ཡིག་ཆ་མང་པོར་མཚན་རྟགས་བཀོད་པར་ལྷན་དུ་དཔང་པོ་གནང་བ་དང་སྦྲགས་གསར་འགོད་པར་མཇལ་འཕྲད་ཀྱང་གནང་བ་རེད།