འཚོལ་བཤེར།   
藏文频道
2018ལོའི་ཟླ་7ཚེས་26ཉིན།
  • མི་དམངས་དྲ་བ།

    ༄༅།།ཞི་ཅིན་ཕིང་གིས་ལྷོ་ཨ་ཧྥེ་རི་ཁའི་ཙུང་ཐུང་ལ་མ་ཕུའུ་ས་དང་གྲོས་མོལ་གནང་བ། 

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 07ཚེས་26ཉིན། 09:57】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
    ༄༅།།ཞི་ཅིན་ཕིང་གིས་ལྷོ་ཨ་ཧྥེ་རི་ཁའི་ཙུང་ཐུང་ལ་མ་ཕུའུ་ས་དང་གྲོས་མོལ་གནང་བ།
             མི་དམངས་དྲ་བའི་འཕྲིན། ཟླ་7ཚེས་24ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཕི་རི་ཐོ་རི་ཡར་ལྷོ་ཨ་ཧྥེ་རི་ཁའི་ཙུང་ཐུང་ལ་མ་ཕུའུ་ས་དང་གྲོས་མོལ་གནང་བ་རེད། རྒྱལ་ཁབ་གཉིས་པོའི་གཙོ་བདག་གིས་ཀྲུང་གོ་དང་ལྷོ་ཨ་ཧྥེ་རི་ཁ་རྒྱལ་ཁབ་གཉིས་པོའི་སྲོལ་རྒྱུན་མཛའ་གྲོགས་འབྲེལ་བར་ཚད་མཐོའི་གདེང་འཇོག་གནང་ནས་དུས་སྐབས་གསར་པར་ཀྲུང་གོ་དང་ལྷོ་ཨ་ཧྥེ་རི་ཁ་རྒྱལ་ཁབ་གཉིས་པོའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བར་སྐུལ་འདེད་གཏོང་རྒྱུའི་ཐད་ཐུན་མོང་གི་ངོས་འཛིན་གལ་ཆེན་བྱུང་བ་དང་སྦྲགས། མཐོ་རིམ་མི་སྣའི་དབར་འགྲོ་འོང་ལ་ཤུགས་སྣོན་རྒྱག་པ་དང་། ཆབ་སྲིད་ཐད་ཕན་ཚུན་ཡིད་ཆེས་བྱེད་ཟབ་ཏུ་གཏོང་བ། འཕེལ་རྒྱས་ཀྱི་འཐབ་ཇུས་སྦྲེལ་མཐུད་བྱེད་པ། དངོས་སྒྲུབ་མཉམ་ལས་ལ་སྐུལ་འདེད་གཏོང་བ། སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་སྤེལ་རེས་བྱེད་ཟབ་ཏུ་གཏོང་བ་བཅས་བྱས་ནས་རྒྱལ་ཁབ་གཉིས་པོའི་མི་དམངས་ལ་ཀྲུང་གོ་དང་ལྷོ་ཨ་ཧྥེ་རི་ཁ་རྒྱལ་ཁབ་གཉིས་པོའི་མཉམ་ལས་ཀྱི་གྲུབ་འབྲས་དེ་བས་མང་བ་མཉམ་སྤྱོད་ཐུབ་རྒྱུར་མོས་མཐུན་གཅིག་མཐུན་གནང་བ་རེད།
             ཞི་ཅིན་ཕིང་གིས་ཀྲུང་གོ་དང་ལྷོ་ཨ་ཧྥེ་རི་ཁ་རྒྱལ་ཁབ་གཉིས་པོའི་དབར་ཕྱི་འབྲེལ་བཙུགས་པ་དང་རྒྱལ་ཁབ་གཉིས་པོའི་འབྲེལ་བ་གོང་འཕེལ་འགྲོ་རྒྱུར་སྐུལ་འདེད་གཏོང་ཆེད་ཙུང་ཐུང་ལ་མ་ཕུའུ་སས་ལེགས་སྐྱེས་གལ་ཆེན་ཕུལ་བར་བསྔགས་བརྗོད་གནང་ཞིང་། ཁོང་གིས་ཀྲུང་གོ་དང་ལྷོ་ཨ་ཧྥེ་རི་ཁ་གཉིས་ཀ་ནི་ཤུགས་རྐྱེན་གལ་ཆེན་ལྡན་པའི་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཆེན་པོ་དང་གསར་དར་ཁྲོམ་རའི་རྒྱལ་ཁབ་རེད། ཕྱི་འབྲེལ་བཙུགས་ནས་ལོ་20སོང་ཚུན། ཕྱོགས་གཉིས་པོས་མཉམ་ལས་གཉིས་ཁེ་དང་ཐུན་མོང་ཐོག་གོང་འཕེལ་འགྲོ་རྒྱུར་གཞོལ་བ་དང་། ཐོག་མཐའ་བར་གསུམ་དུ་སྐྱིད་སྡུག་མཉམ་མྱོང་བྱས་ནས་ཟོལ་མེད་མཛའ་མཐུན་དང་། ཕན་ཚུན་ཡིད་ཆེས། མཛའ་གཅུགས་ལྡན་པ་བཅས་ཀྱི“བློ་མཐུན་དང་གྲོགས་པོའི”འབྲེལ་བ་བཙུགས་ཡོད། ཀྲུང་གོ་དང་ལྷོ་ཨ་ཧྥེ་རི་ཁ་རྒྱལ་ཁབ་གཉིས་པོའི་འབྲེལ་བ་དེ་རོགས་ཟླའི་འབྲེལ་བ་ནས་འཐབ་ཇུས་རོགས་ཟླའི་འབྲེལ་བ་བར་དང་། དེ་ནས་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བའི་བར་གྱི་མཆོང་སྐྱོད་གལ་ཆེན་བྱུང་ནས་རྒྱལ་ཁབ་གཉིས་པོའི་མི་དམངས་ལ་དངོས་དངོས་རྗེན་རྗེན་གྱི་ཁེ་ཕན་ཐོབ་ཡོད། ཀྲུང་གོ་ཕྱོགས་ཀྱིས་ལྷོ་ཨ་ཧྥེ་རི་ཁ་ཕྱོགས་དང་མཉམ་དུ་རྒྱལ་ཁབ་གཉིས་པོའི་དབར་ཕྱི་འབྲེལ་བཙུགས་ནས་ལོ་20འཁོར་བ་གོ་སྐབས་སུ་བཟུང་ནས་འདི་ལོའི་འབོ་གསེར་རྒྱལ་ཁབ་ཀྱི་འགོ་ཁྲིད་མི་སྣའི་གཡོད་ཧན་ནེ་སི་པའོ་ཡི་ཞལ་འཛོམས་དང་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཉམ་ལས་གླེང་སྟེགས་ཀྱི་པེ་ཅིང་དབུ་ཚོགས་གཉེར་རྒྱུར་ཕན་ཚུན་རྒྱབ་སྐྱོར་བྱས་ཏེ་སྔ་མཐུད་ཕྱི་སྐྱོང་དང་སྔ་འཛིན་ཕྱི་གཏོད་ཀྱིས་ཀྲུང་གོ་དང་ལྷོ་ཨ་ཧྥེ་རི་ཁ་རྒྱལ་ཁབ་གཉིས་པོའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བར་གཡུར་ཟའི་གྲུབ་འབྲས་དེ་བས་མང་བ་ཐོབ་རྒྱུར་སྐུལ་འདེད་བཏང་ཐོག་རྒྱལ་ཁབ་གཉིས་པོའི་མི་དམངས་ལ་བདེ་སྐྱིད་དེ་བས་ལེགས་པ་བསྐྲུན་འདོད་ཡོད་ཅེས་གསུངས་པ་རེད།
             ཞི་ཅིན་ཕིང་གིས་མིག་སྔར་ཀྲུང་གོ་དང་ལྷོ་ཨ་ཧྥེ་རི་ཁ་རྒྱལ་ཁབ་གཉིས་པོའི་འབྲེལ་བ་ལོ་རྒྱུས་ཀྱི་འགོ་འཛུགས་ས་གསར་པའི་ཐོག་གནས་ཡོད། ངས་ཀྲུང་གོ་དང་ལྷོ་ཨ་ཧྥེ་རི་ཁ་རྒྱལ་ཁབ་གཉིས་པོའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བ་གོང་འཕེལ་གཏིང་ཟབ་འགྲོ་བར་སྐུལ་འདེད་གཏོང་རྒྱུའི་ཐད་གཤམ་གསལ་གྱི་གྲོས་འགོ་འགའ་ཞིག་འདོན་རྒྱུ་སྟེ།
             གཅིག ཕྱོགས་གཉིས་པོས་མཐོ་རིམ་མི་སྣའི་དབར་འགྲོ་འོང་བྱ་རྒྱུར་ཤུགས་སྣོན་རྒྱག་པ་དང་། ཆབ་སྲིད་ཐད་ཕན་ཚུན་ཡིད་ཆེས་བྱ་ཤུགས་ཆེ་རུ་གཏོང་བ། རང་རྒྱལ་ཁབ་ཀྱི་རྒྱལ་བབ་དང་འཚམ་པའི་འཕེལ་རྒྱས་ཀྱི་འགྲོ་ལམ་རང་བརྟེན་གདམ་ག་བྱ་རྒྱུར་ཕན་ཚུན་རྒྱབ་སྐྱོར་བྱེད་པ། ཕན་ཚུན་གྱི་ལྟེ་བའི་ཁེ་ཕན་དང་འབྲེལ་བ་ཡོད་པའི་དོ་ཁུར་བྱ་ཡུལ་གལ་ཆེན་གྱི་གནད་དོན་ཐད་མུ་མཐུད་ཕན་ཚུན་བསམ་ཤེས་དང་རྒྱབ་སྐྱོར་བྱེད་པ། རྒྱལ་ཁབ་གཉིས་པོའི་སྲིད་གཞུང་དང་ཁྲིམས་འཛུགས་སྒྲིག་གཞི་སོགས་ཀྱི་ཁྱབ་ཁོངས་ཁག་དབར་འགྲོ་འོང་དམ་ཟབ་བྱེད་པ་བཅས་ཀྱི་ཐོག་ནས་ཀྲུང་ལྷོ་རྒྱལ་ཁབ་གཉིས་པོའི་ཏང་དབར་སྤེལ་རེས་མཉམ་ལས་བྱེད་ཟབ་ཏུ་གཏོང་དགོས་པ་དང་།
             གཉིས། ཕྱོགས་གཉིས་པོས“རྒྱུད་གཅིག་ལམ་གཅིག”དང་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཉམ་ལས་གླེང་སྟེགས་སྒྲོམ་གཞིའི་ནང་གི་མཉམ་ལས་ལ་ཤུགས་སྣོན་རྒྱག་པ་དང་། འཕེལ་རྒྱས་ཀྱི་འཐབ་ཇུས་སྦྲེལ་མཐུད་བྱེད་པ། དཔལ་འབྱོར་ཁྱབ་ཁོངས་གསར་པ་དང་ཉི་གཞོན་ཐོན་ལས་སྤེལ་རེས་མཉམ་ལས་བྱེད་ཟབ་ཏུ་གཏོང་བ། བཟོ་ལས་གསར་བརྗེ་ཐེངས་བཞི་པ་ལས་བྱུང་བའི་འཕེལ་རྒྱས་ཀྱི་གོ་སྐབས་མཉམ་སྤྱོད་བཅས་བྱེད་དགོས། ཀྲུང་གོ་ཕྱོགས་ཀྱིས་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་དང་། ཚོང་དོན་མ་འཇོག ཚན་རྩལ་གསར་གཏོད། དངུལ་རྩ་སོགས་ཀྱི་མཉམ་ལས་ལ་གཙོ་གནད་ཐོག་སྐུལ་འདེད་བཏང་ནས་ལྷོ་ཨ་ཧྥེ་རི་ཁའི་སྲིད་གཞུང་གིས་དཔལ་འབྱོར་གོང་འཕེལ་དང་། ལས་ཞུགས་གསར་གཏོད། དམངས་འཚོ་ལེགས་གཏོང་། སྤྱི་ཚོགས་ཕྱོགས་སྒྱུར་ལ་སྐུལ་འདེད་བཅས་ཀྱི་ཐད་འབད་བརྩོན་བྱ་རྒྱུར་རྒྱབ་སྐྱོར་བྱ་རྒྱུ་ཡིན།
             གསུམ། ཕྱོགས་གཉིས་པོས་སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་ཀྱི་འབྲེལ་བ་ཟབ་ཏུ་གཏོང་བ་དང་། མཉམ་ལས་བྱེད་རིང་མི་དམངས་ལྟེ་བར་འཛིན་རྒྱུ་མཐའ་འཁྱོངས་བྱེད་པ། མི་སྣ་འགྲོ་འོང་ལ་སྟབས་བདེ་སྐྲུན་པ་དང་། རིག་གནས་དང་སློབ་གསོ་སྤེལ་རེས་ལ་ཤུགས་སྣོན་རྒྱག་པ་སོགས་ཀྱི་ཐད་བྱུང་བའི་ཕྱོགས་གཉིས་པོའི་ཐུན་མོང་གི་ངོས་འཛིན་དོན་འཁྱོལ་གང་མགྱོགས་བྱེད་པ། མི་ཤུགས་ཐོན་ཁུངས་གསར་སྤེལ་དང་། ཡུལ་སྐོར་མཉམ་ལས། དམངས་སེམས་གཅིག་མཐུན་བཅས་ལ་སྐུལ་འདེད་གཏིང་ཟབ་ཏུ་གཏོང་དགོས་པ།
             བཞི། ཕྱོགས་གཉིས་པོས་བདེ་འཇགས་ཁྲིམས་འཛིན་མཉམ་ལས་ལ་ཤུགས་སྣོན་རྒྱག་དགོས། ཀྲུང་གོ་ཕྱོགས་ཀྱིས་ལྷོ་ཨ་ཧྥེ་རི་ཁ་ཕྱོགས་དང་མཉམ་དུ་ཁྲིམས་འཛིན་ནུས་པ་ཆེ་རུ་གཏོང་རྒྱུའི་ཐད་མཉམ་ལས་བྱེད་འདོད་ཡོད།
             ལྔ། ཕྱོགས་གཉིས་པོས་མཉམ་འབྲེལ་རྒྱལ་ཚོགས་དང་། རྒྱལ་ཁབ་ཉི་ཤུ་ཚོགས་པ། འབོ་གསེར་རྒྱལ་ཁབ། གནམ་གཤིས་འགྱུར་ལྡོག་གི“རྨང་གཞིའི་རྒྱལ་ཁབ་བཞི”སོགས་ཀྱི་ཕྱོགས་མང་སྒྲོམ་གཞིའི་ནང་མཉམ་ལས་བྱེད་ཟབ་ཏུ་གཏོང་བ་དང་། ཕྱོགས་མང་རིང་ལུགས་ལ་ཐུན་མོང་ཐོག་སྲུང་སྐྱོང་བྱེད་པ། ཕྱོགས་རྐྱང་པའི་རིང་ལུགས་དང་སྲུང་སྐྱོང་རིང་ལུགས་ལ་ངོ་རྒོལ་བཅས་བྱས་ནས་རྒྱལ་སྤྱིའི་སྒྲིག་ལམ་དེ་བས་དྲང་གཞག་དང་ལུགས་མཐུན་གྱི་ཕྱོགས་སུ་གོང་འཕེལ་འགྲོ་རྒྱུར་སྐུལ་འདེད་གཏོང་དགོས་པ་བཅས་རེད།
             ཞི་ཅིན་ཕིང་གིས་འབོ་གསེར་རྒྱལ་ཁབ་ཀྱི་འགོ་ཁྲིད་མི་སྣའི་གཡོད་ཧན་ནེ་སི་པའོ་ཡི་ཞལ་འཛོམས་ནི་རྒྱལ་ཁབ་ལྔ་པོས་ན་ནིང་ནས་བཟུང་འགོ་ཚུགས་པའི་འབོ་གསེར་མཉམ་ལས་ཀྱི“རྫོགས་ལྡན་དུས་ཚོད་ལོ་བཅུ”གཉིས་པའི་རྗེས་སུ་འགོ་ཁྲིད་མི་སྣའི་ཞལ་འཛོམས་ཐེངས་དང་པོ་བྱས་པ་ཞིག་ཡིན་པས་དེ་འབོ་གསེར་རྒྱལ་ཁབ་ཀྱི་མཉམ་ལས་ཀྱི་ངོས་ནས་བརྗོད་ན་དམིགས་བསལ་གྱི་དོན་སྙིང་ལྡན་ཡོད། ང་ཚོས་འབོ་གསེར་མཉམ་ལས་ཀྱི་ཁ་ཕྱོགས་ཆེན་པོ་ཐུན་མོང་ཐོག་སྟངས་འཛིན་ཐུབ་པར་བྱས་ནས་འཐབ་ཇུས་རོགས་ཟླའི་འབྲེལ་བ་རྒྱུན་ཆད་མེད་པར་བརྟན་དུ་གཏོང་བ་དང་། ཕྱོགས་མང་རིང་ལུགས་མཐའ་འཁྱོངས་བྱེད་པའི་སྐད་སྒྲ་གསང་པོ་མང་ཙམ་སྒྲོག་པ་བཅས་བྱས་ནས་སྒོ་དབྱེ་རྣམ་པའི་འཛམ་གླིང་གི་དཔལ་འབྱོར་ཐུན་མོང་ཐོག་བསྐྲུན་དགོས། ལྷོ་ཨ་ཧྥེ་རི་ཁས་གཡོད་ཧན་ནེ་སི་པའོ་ཡི་ཞལ་འཛོམས་ཐུགས་གྲ་ལེགས་འགྲིག་ངང་གཉེར་རྒྱུར་ཀྲུང་གོ་ཕྱོགས་ཀྱིས་གཞོགས་འདེགས་དང་རྒྱབ་སྐྱོར་ཞུ་རྒྱུ་ཡིན་ཞེས་གསུངས་པ་རེད།
             གྲོས་མོལ་གནང་མཇུག་འགྲིལ་རྗེས། རྒྱལ་ཁབ་གཉིས་པོའི་གཙོ་བདག་གིས་ཕྱོགས་གཉིས་པོའི་མཉམ་ལས་ཡིག་ཆ་མང་པོ་ཞིག་ལ་མཚན་རྟགས་བཀོད་པར་ལྷན་དུ་དཔང་པོ་གནང་བ་རེད།
      

    ཕྱོགས་བསྡུས་གསར་འགྱུར།