འཚོལ་བཤེར།   
藏文频道
2018ལོའི་ཟླ་3ཚེས་19ཉིན།
  • མི་དམངས་དྲ་བ།

    ༄༅།།ཡིད་དབང་འཕྲོག་ཤུགས་ཆེ་བའི"བོད་ལྗོངས་རྟགས་ཅན"ཐོན་ལས་ཀྱི་སྤུས་རྟགས་གཏོད་
    རྒྱུ་ཡིན་པ།

    —— བོད་ལྗོངས་ཀྱི་རྒྱལ་ཡོངས་ཚོགས་འདུ་གཉིས་ཀྱི་འཐུས་མི་དང་ཨུ་ཡོན་ཚོས་ཁྱད་ལྡན་ཐོན་ལས་སྟོབས་ཆེར་གཏོང་བའི་སྐོར་གླེང་བ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 03ཚེས་19ཉིན། 11:24】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་སྒྱུར་བཅོས་ཀྱིས་གཙོ་རྐང་དང་དངོས་ཚན་དཔལ་འབྱོར་འཕེལ་རྒྱས་ཀྱི་ཤུགས་རྒྱག་སར་བྱེད་པ་དང་། རྒྱལ་ཁབ་ཀྱི“རྒྱུད་གཅིག་ལམ་གཅིག”གི་གོ་སྐབས་དམ་འཛིན་བྱས་ནས་རང་ལྗོངས་ཀྱི་ལེགས་ཆའི་ཐོན་ལས་འཕེལ་རྒྱས་ལ་སྐུལ་མ་མགྱོགས་མྱུར་གཏོང་བ་དང་མང་ཚོགས་འབབ་འཕར་ཕྱུག་འགྱུར་ཇི་ལྟར་ཡོང་བར་བྱེད་དགོས་པ་དེ་ཉིན་ཤས་བསྟུད་མར་རང་ལྗོངས་ཀྱི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་དང་སྲིད་གྲོས་ཨུ་ཡོན་ཚོས་གླེང་མང་བའི་གནད་དོན་ལ་གྱུར་ཡོད།
         “ལྷུན་རྩེ་རྫོང་གིས་ནས་ནག་པོའི་ཐོན་ལས་འཕེལ་རྒྱས་ཤུགས་ཆེན་བཏང་སྟེ་འདེབས་ཁྱོན་མུའུ་ཁྲི་1.3ནས་མུའུ་ཁྲི་3.3བར་ཆེ་རུ་བཏང་བ་དང་མུའུ་རེའི་ཐོན་འབབ་རྒྱ་མ་490ནས་550བར་མང་དུ་ཕྱིན་པ་མ་ཟད། ཉོ་སྒྲུབ་རིན་གོང་རྒྱ་མ་རེར་སྒོར་1.8ནས་སྒོར་3བར་མཐོ་རུ་ཕྱིན་ནས་མང་ཚོགས་ཁྲི་1.35ཡི་སྣེ་ཁྲིད་དེ་མི་རེར་ཆ་སྙོམས་འབབ་འཕར་སྒོར་2570བྱུང་ཡོད”ཅེས་འཐུས་མི་ཕུར་བུ་དོན་གྲུབ་ཀྱིས་དེ་དཔེར་བཀོད་ནས་ཁྱད་ལྡན་ཐོན་ལས་ལས་བྱུང་བའི་དགའ་འོས་པའི་ཕན་འབྲས་གསལ་བཤད་གནང་བ་རེད། ཁོང་གིས་ལྷོ་ཁས་ཐོན་ཁུངས་ཀྱི་ལེགས་ཆར་གཞི་ཚུགས་ནས་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་ཤུགས་ཆེན་བཏང་སྟེ་ལྷུན་རྩེ་རྫོང་གི་མུའུ་བརྒྱ་ཡི་ཇ་ལོ་འདེབས་འཛུགས་དང་། མཚོ་སྣའི་ལུག་སྟོང་གི་རྒྱུད་པ་ལེགས་བཅོས། སྣ་དཀར་རྩེའི་འབྲི་གཡག་ཁྲི་ཡི་གསོ་ཚགས་སོགས་མང་ཚོགས་ཚོའི་ཉེ་སར་ཡོད་པ་དང་སྟབས་བདེ་བ། ལས་ཀ་བྱེད་ཐུབ་པ་དང་བྱེད་ཤེས་པའི་ཐོན་ལས་གཅིག་སྡུད་ལག་བསྟར་བྱས་ནས་སྤུས་ཚད་དེ་བས་མཐོ་བ་དང་། དེ་བས་རྒྱུན་མཐུད་འཕེལ་རྒྱས་ལ་སྒུལ་ཤུགས་གསར་པ་བསྣན་ཡོད་ཅེས་གསུངས།
         འཐུས་མི་ཚེ་རིང་མཚོ་བརྟན་གྱིས་ནག་ཆུ་ནི་འབྲོག་ལས་ཀྱི་ས་ཁུལ་ཆེ་གྲས་ཤིག་ཡིན་པས་ཉེ་བའི་ལོ་གཉིས་ནང་རང་སྐྱོང་ལྗོངས་ཀྱིས་འབྲི་གཡག་སྡོམ་གསོའི་ལས་དོན་ལ་དམ་འཛིན་ཤུགས་ཆེན་བྱས་པ་བརྒྱུད་གཟན་ཆགས་གསབ་སྣོན་བྱས་པ་ལས་འབྲི་གཡག་དེ་བས་ཤ་ཤེད་རྒྱས་པར་གྱུར་ཡོད་པ་དང་ཕན་འབྲས་ཀྱང་དེ་བས་ལེགས་སུ་ཕྱིན་ནས་འབྲོག་པ་ཚོར་ཕན་འབྲས་ཆེན་པོ་ཐོབ་ཡོད། ཆགས་རྩེ་ཤང་ནགས་ཐུང་གྲོང་ཚོའི་མང་ཚོགས་ཚོས་འབྲོག་ལས་ཕུད་ད་དུང་2017ལོའི་ཟླ་5པར་ཉུང་མ་འདེབས་འཛུགས་རྟེན་གཞི་བཙུགས་ནས་ཉུང་མ་བཏབ་པ་བརྒྱུད་མི་རེར་ཆ་སྙོམས་འབབ་འཕར་སྒོར་500བྱུང་ཡོད། ཡོང་འབབ་ཡག་པོ་བྱུང་བར་བརྟེན་ཐོན་ལས་འཕེལ་རྒྱས་གཏོང་བའི་ཚང་མའི་ཧུར་སེམས་ཆེ་རུ་ཕྱིན་ཡོད་ཅེས་གསུངས།
         “ཡུལ་སྐོར་ཐོན་ལས་ནི་དམངས་ཕྱུག་ཐོན་ལས་ཤིག་ཡིན་པས་མང་ཚོགས་འབབ་འཕར་ཕྱུག་འགྱུར་ལ་སྐུལ་མ་གཏོང་བའི་ནུས་པ་མངོན་གསལ་ཧ་ཅང་དོད་པོ་ཡོད་མོད། འོན་ཀྱང་མིག་སྔར་བོད་ཀྱི་ཡུལ་སྐོར་མང་ཆེ་བ་ཡུལ་ལྗོངས་ལ་ལྟ་བ་གཙོ་བོ་ཡིན་པས་དངོས་འབྲེལ་ཉམས་ལེན་རྣམ་པའི་ཡུལ་སྐོར་བྱེད་ཐབས་སྤྱོད་པའི་ཐད་ད་དུང་ལས་དོན་འབོར་ཆེན་སྒྲུབ་དགོས་ཀྱི་ཡོད། བོད་ལྗོངས་ནི་དམིགས་བསལ་གྱི་རང་བྱུང་མཛེས་ལྗོངས་དང་སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་ཀྱི་ཉམས་སྣང་ལ་བརྟེན་ནས་འཛམ་གླིང་ཡོངས་སུ་སྐད་གྲགས་ཆོད་ཡོད་པས་འཛམ་གླིང་ས་གནས་ཁག་གི་ཡུལ་སྐོར་བའི་ཡིད་དབང་འགུགས་ཤུགས་ཤིན་ཏུ་ཆེ་ཞིང་འཕེལ་རྒྱས་ཀྱི་གཏིང་ཤུགས་ཆེན་པོ་ལྡན་པས་ང་ཚོས་ཡུལ་སྐོར་ཐོན་ཁུངས་འདོན་སྤེལ་དང་བེད་སྤྱོད་ཧུར་ཐག་བྱས་ཏེ་ཡུལ་སྐོར་རྩེ་གྲ་ཅན་གྱི་ལམ་བུར་བསྐྱོད་ནས་དཔལ་འབྱོར་དང་སྤྱི་ཚོགས་ཀྱི་འཕེལ་རྒྱས་དང་མང་ཚོགས་ཀྱི་འབབ་འཕར་ལ་སྐུལ་མ་གཏོང་དགོས”ཞེས་ཨུ་ཡོན་ཐུབ་བསྟན་མཁས་གྲུབ་ཀྱིས་གསུངས།
         ཨུ་ཡོན་ཐུབ་བསྟན་མཁས་གྲུབ་ཀྱིས་མིག་སྔར་རང་ལྗོངས་ཡུལ་སྐོར་གྱི་འཕེལ་རྒྱས་དེ་ཕུགས་ལ་བསམ་བློ་གཏོང་རྒྱུ་མི་འདང་བ་དང་ལྷག་པར་དུ་དུས་ཡུན་རིང་པོའི་ནང“དགུན་དུས་བོད་དུ་ཡུལ་སྐོར་བྱེད་པ”སོགས་ཡུལ་སྐོར་གཉེར་ཚོང་ཐད་བལྟོས་བཅས་ཀྱི་བྱེད་ཐབས་ནུས་ལྡན་འདང་གི་མེད། “དབྱར་ཁར་ཚ་གཡོལ་དང་དགུན་ཁར་གྲང་གཡོལ”བྱེད་པ་ནི་ལྷ་ས་སོགས་སུ་ཡུལ་སྐོར་བྱེད་པའི་ཁྱད་ཆོས་ཆེན་པོར་གྱུར་མོད། ཡིན་ནའང་དུས་ཡུན་རིང་པོའི་ནང་བོད་དགུན་དུས་གྲང་ངར་ཆེ་བ་དང་གསོ་རླུང་མི་འདང་བའི་ས་གནས་ཤིག་ཏུ་ང་ཚོའི་ཚོང་གཉེར་བྱེད་མཁན་གྱིས་དྲིལ་བསྒྲགས་བྱེད་ཀྱི་ཡོད་སྟབས། བོད་དུ་ཡུལ་སྐོར་ལ་ཡོང་མཁན་ཉུང་དུ་འགྲོ་བ་དང་རྒྱུན་མཐུད་མི་ཐུབ་པར་ཐོན་ཁུངས་འབོར་ཆེན་ཞིག་འཕྲོ་བརླག་འགྲོ་གི་ཡོད་ཅེས་གསུངས།
         ཨུ་ཡོན་ཐུབ་བསྟན་མཁས་གྲུབ་ཀྱིས་བོད་ལྗོངས་ཡུལ་སྐོར་ཐོན་ལས་ཀྱི་ལྗང་མདོག་དང་ཕན་འབྲས་མཐུན་སྦྱོར་གཅིག་གྱུར་ཡོང་དགོས་ཚེ། དང་ཐོག་ཁྱད་པར་ཅན་གྱི་ཡུལ་སྐོར་ཧུར་ཐག་བཏོད་དེ་བྱ་རིགས་ལ་ལྟ་བ་དང་། རྐང་ཐང་དུ་སྐྱོད་པ། དུས་ཆེན་གཏོང་བ་སོགས་ཁྱད་ལྡན་ཡུལ་སྐོར་རྣམ་གྲངས་འོས་སྦྱོར་བྱས་ཏེ་བོད་ལྗོངས་ཡུལ་སྐོར་གྱི་ཐུན་མིན་རང་བཞིན་གཙོ་གནད་མངོན་པར་བྱེད་དགོས། དེ་དང་ཆབས་ཅིག་རང་འགུལ་ངང་ལས་དོན་བསྒྲུབས་ཏེ་ཡུལ་སྐོར་བའི་དགའ་ཕྱོགས་ལ་གཞིགས་ནས་བོད་ཀྱི་དམངས་སྲོལ་རིག་གནས་དང་། རང་བྱུང་རྣམ་པ། སྐྱེ་དངོས་ཐོན་ཁུངས་སོགས་ཀྱི་ཤེས་བྱ་ཁྱབ་གདལ་གཏོང་ཤུགས་ཆེ་རུ་གཏོང་བ་དང་ཡུལ་སྐོར་བའི་ཉམས་ལེན་གྱི་སྤུས་ཚད་མཐོ་རུ་བཏང་ནས“འགན་འཁུར་བའི”སྣོད་བཅུད་ཡུལ་སྐོར་བཏོད་དེ་ཡུལ་སྐོར་ཐོན་ལས་ཀྱི་སྐྱོན་བྲལ་འཕེལ་རྒྱས་ལ་སྐུལ་མ་གཏོང་དགོས་པའི་ངོས་འཛིན་གནང་ཡོད།
      

    ཕྱོགས་བསྡུས་གསར་འགྱུར།