འཚོལ་བཤེར།   
藏文频道
2018ལོའི་ཟླ་3ཚེས་15ཉིན།
  • མི་དམངས་དྲ་བ།

    ༄༅།།ཨུ་ཡོན་ཧྥན་ཅན་ཝེ་གནམ་ས་གཞི་གཅིག་ཅན་གྱི་ཚད་རྡུལ་གསང་སྲུང་འཕྲིན་གཏོང་གི་དྲ་
    རྒྱ་ཧུར་ཐག་གཏོད་དགོས།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 03ཚེས་14ཉིན། 15:56】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཉིན་ཤས་གོང་རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་ཀྲུང་གོ་ཚན་རིག་ལག་རྩལ་སློབ་ཆེན་གྱི་རྒྱུན་ལས་སློབ་སྤྱི་གཞོན་པ་ཧྥན་ཅན་ཝེ་ཡིས་རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་དང་པོའི“ཨུ་ཡོན་གྱི་བགྲོད་ལམ”ཐོག རྒྱལ་ཁབ་ཀྱི་ཚད་མཐོའི་མཐོང་ཆེན་དང་རྒྱབ་སྐྱོར་ཤུགས་ཆེན་འོག་རང་རྒྱལ་གྱི་ཚད་རྡུལ་གསང་སྲུང་འཕྲིན་གཏོང་ཞིབ་འཇུག་དེ་རྒྱལ་སྤྱིའི་ཐོག་ཕྱོགས་ཡོངས་ནས་སྔོན་ཐོན་གྱི་ཆུ་ཚད་དུ་སླེབས་ཡོད་ཅེས་གསུངས་པ་རེད།
         2017ལོར་འཛམ་གླིང་གི་ཚད་རྡུལ་གསང་སྲུང་འཕྲིན་གཏོང་གི་གློག་སྐུད་ཨ་མ་སྟེ“པེ་ཅིང་ནས་ཧྲང་ཧའེ་བར་གྱི་གློག་སྐུད་ཨ་མ”དངོས་སུ་ཤར་གཏོང་ཐུབ་པ་དང“མོ་ཙེ་རྟགས་ཅན”གྱི་སྲུང་སྐར་དང་སྦྲེལ་མཐུད་བྱས་པས། ཧྥན་ཅན་ཝེ་ཚོགས་པའི་འཛམ་གླིང་གི་གླིང་དབར་གྱི་ཚད་རྡུལ་གསང་སྲུང་འཕྲིན་གཏོང་ཐོག་མ་མངོན་འགྱུར་བྱུང་ཡོད། ཧྥན་ཅན་ཝེ་ཡིས་ལོ་5ནས་10བར་གྱི་འབད་བརྩོན་བརྒྱུད་གནམ་ས་གཞི་གཅིག་ཅན་གྱི་ཚད་རྡུལ་གསང་སྲུང་འཕྲིན་གཏོང་གི་དྲ་རྒྱ་བཏོད་དེ་དུད་ཚང་ཁྲི་སྟོང་མང་པོའི་ཆ་འཕྲིན་བདེ་འཇགས་སྲུང་སྐྱོང་ཐུབ་རྒྱུའི་རེ་བ་ཡོད་ཅེས་གསུངས་པ་རེད།
    “ཆ་འཕྲིན་བདེ་འཇགས་ལ་ཉིན་ལྟར་ཉེན་ཁ་འཕྲད་ཀྱི་ཡོད། ཚད་རྡུལ་འཕྲིན་གཏོང་གིས་རྩ་བའི་རིག་པའི་ཐོག་ནས་ཆ་འཕྲིན་ལྐོག་ཉན་བྱེད་མི་ཐུབ་པའི་ཆ་འཕྲིན་བདེ་འཇགས་ཀྱི་བརྒྱུད་གཏོང་བྱེད་སྟངས་ཤིག་མཁོ་འདོན་བྱེད་ཀྱི་ཡོད། རྒྱལ་སྲུང་དང་། སྲིད་དོན། དངུལ་རྩ་སོགས་ཐད་དང་ཐ་ན་ཉིན་ལྟར་དངུལ་ཁང་གི་དངུལ་ཁོངས་སྒྱུར་བ་དང་། མི་སྒེར་གྱི་གསང་བ་སྲུང་བ་སོགས་ཐད་ནུས་པ་ཅུང་ལེགས་པོ་ཐོན་སྲིད”ཅེས་ཧྥན་ཅན་ཝེ་ཡིས་གསུངས་པ་རེད།
         ཧྥན་ཅན་ཝེ་ཡིས“ལོ་ལྔ་ཚན་བཅུ་གསུམ་པའི”འཆར་འགོད་ནང་ཚད་རྡུལ་ཆ་འཕྲིན་ཚན་རྩལ་ཁྱབ་ཁོངས་ཐད་ཚན་རྩལ་རྣམ་གྲངས་གལ་ཆེན་ལག་ལེན་བསྟར་རྒྱུ་དང་སྦྲགས་རྒྱལ་ཁབ་ཀྱི་ཚོད་ལྟ་ཁང་གསར་པ་ཡང་འཛུགས་རྒྱུ་རེད་ཅེས་བཏོན་ཡོད། རྒྱལ་ཡོངས་ཀྱི་འབྲེལ་ཡོད་ཚན་རྩལ་སྟོབས་ཤུགས་མཐུན་སྦྱོར་གསར་གཏོད་བྱས་པ་བརྒྱུད་མུ་མཐུད་འཛམ་གླིང་གི་མདུན་གྲལ་དུ་སླེབས་རྒྱུར་ང་ཚོར་ཡིད་ཆེས་ཆེན་པོ་ཡོད་ཅེས་གསུངས་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།