འཚོལ་བཤེར།   
藏文频道
2018ལོའི་ཟླ་2ཚེས་5ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་ལྗོངས་ཡོངས་ཀྱི་གྲོང་གསེབ་ལས་དོན་
    ཚོགས་འདུ་འཚོགས་པ། 

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 02ཚེས་05ཉིན། 09:35】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
    ༄༅།།བོད་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་ལྗོངས་ཡོངས་ཀྱི་གྲོང་གསེབ་ལས་དོན་
ཚོགས་འདུ་འཚོགས་པ།
          མི་དམངས་དྲ་བའི་འཕྲིན། ཟླ་2ཚེས་2ཉིན། རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་ལྗོངས་ཡོངས་ཀྱི་གྲོང་གསེབ་ལས་དོན་ཚོགས་འདུ་འཚོགས་པ་རེད། ཚོགས་འདུའི་ལས་འགན་གཙོ་བོ་ནི་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པའི་རླབས་ཆེན་དར་ཆ་མཐོན་པོར་བསྒྲེངས་ནས་ཏང་གི་ཚོགས་ཆེན་བཅུ་དགུ་པ་དང་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་དང་། ཀྲུང་དབྱང་གི་དཔལ་འབྱོར་ལས་དོན་ཚོགས་འདུ། ཀྲུང་དབྱང་གི་གྲོང་གསེབ་ལས་དོན་ཚོགས་འདུ་བཅས་ཀྱི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པ་དང་། འདས་ཟིན་པའི་ལོ་ལྔ་དང་ལྷག་དོན་དུ་ན་ནིང་གི“ཞིང་གསུམ”ལས་དོན་ལ་ཕྱོགས་སྡོམ་བྱེད་པ། ཞིང་འབྲོག་ལས་དང་ཞིང་འབྲོག་ཁུལ་གྱི་དུས་བབ་ལ་དབྱེ་ཞིབ་བྱེད་པ། གྲོང་གསེབ་དར་རྒྱས་ཀྱི་འཐབ་ཇུས་ལག་བསྟར་བཀོད་སྒྲིག་བྱེད་པ། དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་ལ་རྒྱལ་ཁ་མཐའ་གཅིག་ཏུ་ལེན་པ་བཅས་བྱས་ཏེ་དུས་རབས་གསར་པར་རང་ལྗོངས་ཀྱི“ཞིང་གསུམ”ལས་དོན་ལ་སྐུལ་འདེད་དེ་བས་ལེགས་པ་གཏོང་རྒྱུ་དེ་རེད། 
           བོད་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝུའུ་དབྱིང་ཅེ་ཚོགས་འདུར་ཕེབས་པ་དང་འབྲེལ་གསུང་བཤད་ཀྱང་གནང་བ་རེད། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན། ལྗོངས་ཏང་ཨུད་གྲོང་གསེབ་ལས་དོན་འགོ་ཁྲིད་ཚོགས་ཆུང་གི་ཙུའུ་ཀྲང་བཅས་ཡིན་པའི་བློ་བཟང་རྒྱལ་མཚན་གྱིས་ཕྱོགས་སྡོམ་གསུང་བཤད་གནང་བ་དང་། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཆེ་དགྲ་ལྷས་ཚོགས་འདུ་གཙོ་སྐྱོང་གནང་བ། ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཧྲུའུ་ཅི་གཞོན་པ་དང་རང་སྐྱོང་ལྗོངས་སྲིད་གྲོས་ཏང་ཙུའི་ཧྲུའུ་ཅི་ཏིང་ཡེ་ཤན་གྱིས་2017ལོ་འཁོར་གྱི་ལྗོངས་ཡོངས་ཀྱི་ནས་ཐོན་འཕར་དང་། འབྲི་གཡག་ཐོན་ལས་འཕེལ་རྒྱས། ཤ་དང་འོ་མ་ཐོན་འཕར་བཅས་ཀྱི་སྔོན་ཐོན་མཉམ་སྡེབ་དང་། ཞིང་འབྲོག་པའི་ཆེད་ལས་མཉམ་ལས་ཁང་གི་སྔོན་ཐོན་དཔེ་སྟོན་ཁང་ལ་གཟེངས་བསྟོད་བྱ་རྒྱུའི་སྐོར་གྱི་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་གཏན་འབེབས་སྒྲོག་སྦྱངས་གནང་བ་རེད། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་ཀྲོང་ཡན་ཚོགས་འདུར་ཕེབས་པ་དང་། རང་སྐྱོང་ལྗོངས་ཀྱི་འགོ་ཁྲིད་ནོར་བུ་དོན་གྲུབ་དང་། བསྟན་ཁོ། ཝང་གཡུང་ཅུན། ཙེང་དབན་མིང་། ཅང་ཅེ། སྤེན་པ་བཀྲ་ཤིས། ཧོ་ཝུན་ཧའོ། པད་མ་དབང་འདུས་བཅས་ཚོགས་འདུར་ཕེབས་ཡོད་པ་རེད། 
          ཀྲུའུ་ཞི་སྡིངས་ཆའི་མདུན་གྲལ་དུ་བཞུགས་པའི་འགོ་ཁྲིད་བློ་མཐུན་གྱིས་སྔོན་ཐོན་མཉམ་སྡེབ་ཀྱི་འཐུས་མིར་བྱ་དགའ་གནང་བ་རེད། 
          ཝུའུ་དབྱིང་ཅེས་མིག་སྔར་རང་ལྗོངས་ཀྱི་སྤྱི་ཚོགས་ཀྱི་འགལ་ཟླ་གཙོ་བོ་དེ་མི་དམངས་ཀྱི་མཛེས་སྡུག་ལྡན་པའི་འཚོ་བའི་དགོས་མཁོ་ཉིན་བཞིན་ཆེ་རུ་འགྲོ་བ་དང་། འཕེལ་རྒྱས་དོ་མི་མཉམ་ཞིང་གང་ལེགས་མ་བྱུང་བའི་བར་གྱི་འགལ་བར་གྱུར་ཡོད། ལོ་རྒྱུས་རང་བཞིན་གྱི་འགྱུར་ལྡོག་ལས་ང་ཚོས་དུས་རབས་གསར་པར“ཞིང་གསུམ”ལས་དོན་ལེགས་པར་སྒྲུབ་པར་ངེས་པར་དུ་གནད་དོན་ཕྱོགས་སྟོན་དུ་འཛིན་རྒྱུ་མཐའ་འཁྱོངས་དང་། གྲོང་གསེབ་དར་རྒྱས་གཏོང་བའི་འཐབ་ཇུས་ལག་བསྟར་སྤྱིའི་དམ་འཛིན་བྱེད་གཞིར་བྱ་རྒྱུ་མཐའ་འཁྱོངས། དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་ལ་རྒྱལ་ཁ་ལེན་རྒྱུ་དེ་གྲོང་གསེབ་དར་རྒྱས་གཏོང་བའི་འཐབ་ཇུས་ལག་བསྟར་བྱེད་པའི་ཤུགས་རྒྱག་གཞི་དང་ཚད་བརྒལ་ཡོང་གཞིར་བྱ་རྒྱུ་མཐའ་འཁྱོངས་བཅས་བྱས་ནས་འཕེལ་རྒྱས་དོ་མི་མཉམ་ཞིང་གང་ལེགས་མ་བྱུང་བའི་གནད་དོན་ཐག་གཅོད་ནུས་ལྡན་བྱེད་དགོས་པའི་བླང་བྱ་བཏོན་ཡོད། སྤྱིའི་བླང་བྱ་ནི། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་རླབས་ཆེན་དར་ཆ་མཐོན་པོར་བསྒྲེངས་ནས་ཏང་གི་ཚོགས་ཆེན་བཅུ་དགུ་པ་དང་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་དང་། ཀྲུང་དབྱང་གི་དཔལ་འབྱོར་ལས་དོན་ཚོགས་འདུ། ཀྲུང་དབྱང་གི་གྲོང་གསེབ་ལས་དོན་ཚོགས་འདུ། རྒྱལ་ཡོངས་ཀྱི་དབུལ་སྐྱོར་གསར་སྤེལ་ལས་དོན་ཚོགས་འདུ་བཅས་ཀྱི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཐའ་སྐྱོང་བོད་བརྟན་གྱི་འཐབ་ཇུས་ཀྱི་དགོངས་པ་གལ་ཆེན་དང“མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་བརྒྱབ་ནས་མཛེས་སྡུག་ལྡན་པའི་བོད་ལྗོངས་འཛུགས་སྐྲུན་བྱེད་དགོས་པའི”མཛུབ་སྟོན་གལ་ཆེན་དང་དེ་བཞིན་ལྷུན་རྩེ་རྫོང་ཡུལ་སྨད་ཤང་གི་མང་ཚོགས་ལ་སྤྲིངས་པའི་འཕྲིན་ལན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ཏེ་རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་དགུ་པ་དང་། ལྗོངས་ཏང་ཨུད་སྐབས་དགུ་པའི་ཨུ་ལྷན་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་དང་ལྗོངས་ཡོངས་ཀྱི་དཔལ་འབྱོར་ལས་དོན་ཚོགས་འདུའི་བཀོད་སྒྲིག་གཞིར་བཟུང་། ཏང་གིས“ཞིང་གསུམ”ལས་དོན་ལ་འགོ་ཁྲིད་བྱ་རྒྱུར་ཕྱོགས་ཡོངས་ནས་ཤུགས་སྣོན་རྒྱག་པ་དང་། “བླ་ན་མེད་པའི་རྒྱལ་ཁབ་ཀྱི་ས་ཆ་སྲུང་སྐྱོང་མཁན་དང་། བདེ་སྐྱིད་ལྡན་པའི་ཁྱིམ་གཞིས་འཛུགས་སྐྲུན་མཁན”གྱི་འཐབ་ཇུས་ལག་ལེན་ཤུགས་ཆེན་བསྟར་བ། ཐོན་ལས་དར་རྒྱས་དང་། སྣོད་བཅུད་མཐུན་འཕྲོད། ཡུལ་སྲོལ་བཟང་བ། བཅོས་སྐྱོང་ནུས་ལྡན། འཚོ་བ་འབྱོར་ཕྱུག་བཅས་ཀྱི་སྤྱིའི་བླང་བྱར་གཞིགས་པ། “འབྲེལ་བ་ཆ་བཅུ་གསུམ”ཐག་གཅོད་ཡང་དག་བྱ་རྒྱུ་རྩ་བའི་བྱ་ཐབས་ལ་བརྩི་བ། དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་ལ་རྒྱལ་ཁ་ལེན་རྒྱུ་དེ་སྔོན་ལ་གདོང་མཆོང་བྱེད་པའི་གལ་ཆེའི་དུས་མཚམས་རང་བཞིན་གྱི་ལས་འགན་ལ་བརྩི་བ། དངོས་པོའི་དཔལ་ཡོན་དང་བསམ་པའི་དཔལ་ཡོན་སྲོལ་གཏོད་ཟུང་འབྲེལ་བྱེད་པ། ཞིང་འབྲོག་ཁུལ་གྱི་དཔལ་འབྱོར་འཛུགས་སྐྲུན་དང་། ཆབ་སྲིད་འཛུགས་སྐྱོང་། རིག་གནས་འཛུགས་སྐྱོང་། སྤྱི་ཚོགས་འཛུགས་སྐྲུན། སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་། ཏང་འཛུགས་སྐྱོང་བཅས་ལ་སྤྱི་འདོམས་སྐུལ་འདེད་གཏོང་བ། ཞིང་འབྲོག་ལས་དང་ཞིང་འབྲོག་ཁུལ་དེང་རབས་ཅན་དུ་འགྱུར་རྒྱུར་མགྱོགས་མྱུར་སྐུལ་འདེད་གཏོང་བ་བཅས་བྱས་ཏེ། ཞིང་འབྲོག་ལས་དེ་མདུན་ལམ་ཡོད་པའི་ཐོན་ལས་དང་། ཞིང་འབྲོག་པ་ཡིད་དབང་འཕྲོག་པའི་ལས་རིགས། ཞིང་འབྲོག་ཁུལ་བདེ་སྡོད་ལས་བརྩོན་གྱི་མཛེས་སྡུག་ལྡན་པའི་ཁྱིམ་གཞིས་བཅས་ལ་འགྱུར་བ་བྱས་ཏེ་ཏང་དང་རྒྱལ་ཁབ་ལ་མི་རིགས་ཁག་གི་མང་ཚོགས་ཚོས་སེམས་པ་ཕྱོགས་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགོས་ཞེས་གསུངས་པ་རེད། 
         ཝུའུ་དབྱིང་ཅེས་གྲོང་གསེབ་དར་རྒྱས་གཏོང་བའི་འཐབ་ཇུས་ལག་བསྟར་བྱེད་པ་ནི་རང་ལྗོངས་ཀྱིས་དབུལ་སྒྲོལ་འགག་སྒྲོལ་དམག་འཐབ་ལ་རྒྱལ་ཁ་ལེན་པ་དང་། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པའི་རྒྱལ་ཁ་ཕུ་ཐག་གཅོད་པ། ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་འཛུགས་སྐྲུན་བྱེད་པ་བཅས་ཀྱི་ལོ་རྒྱུས་ཀྱི་ལས་འགན་གལ་ཆེན་ཞིག་རེད། ཏང་གི་ཚོགས་ཆེན་བཅུ་དགུ་པའི་ཐོག་ཁ་གསལ་བསྟན་པའི་དུས་རབས་གསར་པའི་ལས་འགན་གསར་པ་དང་བླང་བྱ་གསར་པ་གཞིར་བཟུང་། མཛེས་སྡུག་ལྡན་པའི་འཚོ་བར་བཅངས་པའི་མི་དམངས་ཀྱི་དགོས་མཁོ་དེ་འབད་འཐབ་ཀྱི་དམིགས་ཚད་ལ་བརྩིས་ཏེ་དངོས་པོའི་དཔལ་ཡོན་དང་བསམ་པའི་དཔལ་ཡོན་ལ་དམ་འཛིན་ཡག་པོ་དང་དམ་འཛིན་ནན་པོ་བྱ་རྒྱུ་མཐའ་འཁྱོངས་བྱེད་དགོས། ངེས་པར་དུ་མི་རིགས་ཁག་གི་མང་ཚོགས་ཀྱིས་བློ་བརྟན་འགྱུར་མེད་ངང་སྲོག་ཤིང་ལ་སྲུང་སྐྱོང་མཐའ་གཅིག་ཏུ་བྱ་རྒྱུར་སློབ་གསོ་ཁྲིད་སྟོན་བྱས་ནས་ཏང་ཀྲུང་དབྱང་དང་ཏང་ཡོངས་ཁྲོད་ཀྱི་སྤྱི་ཁྱབ་ཧྲུའུ་ཅིའི་སྲོག་ཤིང་གི་གནས་བབ་བོད་ཀྱི་མི་རིགས་ཁག་གི་ལས་བྱེད་མང་ཚོགས་ཚོའི་སེམས་ནང་བརྟན་པོར་ཟུག་པ་བྱེད་པ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཚོའི་ཁྲག་རྒྱུན་ནང་འདྲེས་པ་བྱས་ནས་སྲོག་ཤིང་ལ་གོང་བཀུར་དང་། ཡིད་ཆེས། ལྷག་བསམ་རྣམ་དག སྲུང་སྐྱོང་བཅས་བྱ་རྒྱུ་དེ་མི་རིགས་ཁག་གི་ལས་བྱེད་མང་ཚོགས་ཀྱི་ཆབ་སྲིད་ཀྱི་རང་རྟོགས་དང་། བསམ་བློའི་རང་རྟོགས། བྱ་སྤྱོད་ཀྱི་རང་རྟོགས་བཅས་སུ་འགྱུར་བ་བྱེད་དགོས་པ་དང་། ངེས་པར་དུ“བླ་ན་མེད་པའི་རྒྱལ་ཁབ་ཀྱི་ས་ཆ་སྲུང་སྐྱོང་མཁན་དང་། བདེ་སྐྱིད་ལྡན་པའི་ཁྱིམ་གཞིས་འཛུགས་སྐྲུན་མཁན”གྱི་འཐབ་ཇུས་ལག་བསྟར་ཤུགས་ཆེན་བྱས་ནས་མཐའ་མཚམས་འཕེལ་རྒྱས་མྱུར་པོ་ཡོང་བ་བྱས་ཏེ་མཐའ་མཚམས་སྲ་བརྟན་དང་མཐའ་མཚམས་བདེ་འཇགས་ཀྱི་བྱ་སྤྱོད་དངོས་ལ་བརྟེན་ནས་སྤྱི་ཁྱབ་ཧྲུའུ་ཅིའི་ཐུགས་ཁུར་ཟབ་མོར་དྲིན་ལན་འཇལ་ཐུབ་པའི་འགན་ལེན་བྱེད་དགོས་པ། ངེས་པར་དུ་སེམས་ནུས་གཅིག་སྒྲིལ་མཐའ་འཁྱོངས་བྱས་ནས་མི་རིགས་ཁག་གི་མང་ཚོགས་ཀྱི་ཞུགས་ཚད་མཐོ་རུ་དང་ཐོབ་ཚོར་ཆེ་རུ་གཏོང་དགོས་པ། ངེས་པར་དུ་མང་ཚོགས་ཀྱིས་ཚེ་འདིའི་བདེ་སྐྱིད་ལྡན་པའི་འཚོ་བ་ཡག་པོ་སྐྱེལ་རྒྱུར་ཁྲིད་སྟོན་ཧུར་ཐག་བྱས་ནས་སེམས་ནུས་གཙོ་བོ་ཐོན་སྐྱེད་འཕེལ་རྒྱས་དང་འཚོ་བ་ལེགས་སུ་གཏོང་རྒྱུའི་ཐད་འཇོག་དགོས་པ། ངེས་པར་དུ་མི་རིགས་ཁག་དབར་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ལ་སྐུལ་འདེད་གཏོང་རྒྱུ་མཐའ་འཁྱོངས་བྱས་ནས་དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་ལ་རྒྱལ་ཁ་ལེན་པ་དང་གྲོང་གསེབ་དར་རྒྱས་གཏོང་བའི་འཐབ་ཇུས་ལག་བསྟར་བྱེད་པའི་ཕྱོགས་བསྡུས་ནུས་པ་འདོན་སྤེལ་ཡག་པོ་བྱེད་དགོས་པ། ངེས་པར་དུ་གཞི་རིམ་གྱི་རྨང་གཞི་བརྟན་དུ་གཏོང་རྒྱུ་མཐའ་འཁྱོངས་བྱས་ནས་དབུལ་སྒྲོལ་འགག་སྒྲོལ་དམག་འཐབ་ལ་རྒྱལ་ཁ་ལེན་པ་དང་གྲོང་གསེབ་དར་རྒྱས་གཏོང་བའི་འཐབ་ཇུས་ལག་བསྟར་བྱེད་པའི་ཁྲོད་ཀྱི་གཞི་རིམ་ཏང་རྩ་འཛུགས་ཀྱི་དམག་འཐབ་མཁར་རྫོང་གི་ནུས་པ་འགན་ལེན་བྱེད་དགོས་པའི་ནན་བཤད་གནང་བ་སྟེ། 
          གཅིག་ནས་ཞིང་འབྲོག་ཁུལ་གྱི་སྤྱི་པའི་ཞབས་ཞུའི་ཆུ་ཚད་མཐོ་རུ་ནུས་ལྡན་བཏང་སྟེ་གྲོང་ཁྱེར་དང་གྲོང་གསེབ་མཉམ་འདྲེས་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་དགོས་པ་དང་། གཉིས་ནས་ཞིང་འབྲོག་ལས་ཀྱི་མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་གྱི་སྒྱུར་བཅོས་གཏིང་ཟབ་ཏུ་བཏང་ནས་ཞིང་འབྲོག་ཁུལ་གྱི་ཐོན་ལས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས་པ། གསུམ་ནས་ཞིང་འབྲོག་ཁུལ་གྱི་རྨང་གཞིའི་གཉེར་སྐྱོང་ལམ་ལུགས་སྲ་བརྟན་དང་འཐུས་སྒོ་ཚང་དུ་བཏང་ནས་གྲོང་གསེབ་དར་རྒྱས་གཏོང་བའི་ལམ་ལུགས་ཀྱི་རྨང་གཞི་བརྟན་དུ་གཏོང་དགོས་པ། བཞི་ནས་གྲོང་གསེབ་བཅོས་སྐྱོང་ལ་ཤུགས་སྣོན་རྒྱག་པ་དང་གསར་གཏོད་བྱས་ནས་ཞིང་འབྲོག་ཁུལ་ཞི་མཐུན་བརྟན་ལྷིང་ཡོང་བའི་འགན་ལེན་བྱེད་དགོས་པ། ལྔ་ནས་མཛེས་སྡུག་ལྡན་པའི་གྲོང་གསེབ་འཛུགས་སྐྲུན་བྱེད་མགྱོགས་སུ་བཏང་ནས་གྲོང་གསེབ་ལྗང་མདོག་འཕེལ་རྒྱས་ལམ་བུར་སྐྱོད་དགོས་པ། དྲུག་ནས་ཞིང་འབྲོག་ཁུལ་གྱི་བསམ་པའི་དཔལ་ཡོན་སྲོལ་གཏོད་ལ་ཤུགས་སྣོན་བརྒྱབ་ནས་ཡུལ་སྲོལ་བཟང་པོར་སྐུལ་འདེད་ཧུར་ཐག་གཏོང་དགོས་པ་བཅས་རེད།
          བློ་བཟང་རྒྱལ་མཚན་གྱིས་ལྗོངས་ཡོངས་ཀྱི་གྲོང་གསེབ་ལས་དོན་ཚོགས་འདུའི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱེད་པ་དང་། རང་ལྗོངས་ཀྱི“ཞིང་གསུམ”ལས་དོན་ཡག་པོ་བསྒྲུབ་རྒྱུའི་ཐད་བཀོད་སྒྲིག་ཞིབ་ཕྲ་གནང་ཞིང་། ཁོང་གིས་རང་ལྗོངས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི“ཞིང་གསུམ”གྱི་དགོངས་པ་ལག་བསྟར་དོན་འཁྱོལ་བྱས་པའི་ལེགས་གྲུབ་ཐོབ་པའི་ལག་ལེན་ལ་ཕྱོགས་སྡོམ་ནན་ཏན་བྱས་ནས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་གྲོང་གསེབ་དར་རྒྱས་གཏོང་བའི་ལམ་བུའི་ཐོག་སྐྱོད་པའི་ཡིད་ཆེས་དང་ཆོད་སེམས་སྔར་བས་བརྟན་དུ་གཏོང་དགོས། ཐོན་ལས་དར་རྒྱས་གཏོང་བའི་གཙོ་གནད་དེ་མངོན་གསལ་དོད་པོ་ཡོང་བ་བྱེད་པ་དང་། སྣོད་བཅུད་མཐུན་འཕྲོད་ཀྱི་འགག་རྩ་དེར་དམ་འཛིན་བྱེད་པ། འཚོ་བ་འབྱོར་ཕྱུག་ཡོང་བའི་རྩ་བ་དེར་དམ་པོར་གཞིགས་པ། ཡུལ་སྲོལ་བཟང་པོ་འགན་ལེན་བྱ་རྒྱུ་དེར་ཤུགས་སྣོན་རྒྱག་པ། བཅོས་སྐྱོང་ནུས་ལྡན་བྱེད་པའི་རྨང་གཞི་བརྟན་དུ་གཏོང་བ། སྒྱུར་བཅོས་གཏིང་ཟབ་བྱེད་པའི་ཐབས་མཆོག་མཐའ་འཁྱོངས་བྱེད་པ། གྲོང་གསེབ་དར་རྒྱས་གཏོང་བའི་འཐབ་ཇུས་ལག་བསྟར་ཤུགས་ཆེན་བྱེད་པ་བཅས་བྱས་ནས་དུས་རབས་གསར་པར་རང་ལྗོངས་ཀྱི“ཞིང་གསུམ”ལས་དོན་གྱི་རྣམ་པ་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས། ཏང་གིས“ཞིང་གསུམ”ལས་དོན་ལ་འགོ་ཁྲིད་བྱ་རྒྱུར་ཤུགས་སྣོན་ཏན་ཏིག་བརྒྱབ་ནས་གྲོང་གསེབ་དར་རྒྱས་གཏོང་བའི་འཐབ་ཇུས་ཀྱི་ལས་འགན་ཁག་དོན་འཁྱོལ་ཏན་ཏིག་ཐུབ་པའི་འགན་ལེན་བྱེད་དགོས་པའི་ནན་བཤད་གནང་བ་རེད།
      

    ཕྱོགས་བསྡུས་གསར་འགྱུར།