འཚོལ་བཤེར།   
藏文频道
2018ལོའི་ཟླ་2ཚེས་4ཉིན།
  • མི་དམངས་དྲ་བ།

    ༄༅།།ཟི་ལིང་གིས་སྣོད་བཅུད་དང་འཕེལ་རྒྱས་ཀྱི་ལས་དོན་སྔོན་ལ་བཞག་པ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 02ཚེས་04ཉིན། 11:48】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
          མི་དམངས་དྲ་བའི་འཕྲིན། ལོ་འགོར་ཁོར་ཡུག་སྲུང་སྐྱོང་པུའི་2017ལོའི་ལོ་འཁོར་གྱི་རྒྱལ་ཡོངས་ཀྱི་གཙོ་གནད་གྲོང་ཁྱེར་74ཡི་མཁའ་རླུང་སྤུས་ཚད་ཕྱོགས་བསྡུས་སྟོན་གྲངས་དང་ཨང་རིམ་གསར་པ་ཁྱབ་བསྒྲགས་བྱས་པའི་ནང་ཟི་ལིང་འདི་ཉིད་ནུབ་བྱང་ཞིང་ཆེན་དང་རང་སྐྱོང་ལྗོངས་ལྔ་ཡི་ལྟེ་བའི་གྲོང་ཁྱེར་ནང“ཨང་དང་པོ་གཉིས”ཀྱི་གྲས་སུ་སླེབས་ཡོད་པ་རེད། དཔྱིད་ཀ་འཆར་ཉེའི་མཚམས་སུ་ཟི་ལིང་གི་སྐྱེད་ཚལ་སྟོན་ཚོགས་གླིང་ཡང་བསྐྲུན་འགོ་ཚུགས་པ་དང་ས་གནས་དེས་བཟོ་ལས་ས་ཆ་མུའུ་6540རུ་ནུབ་བྱང་རྒྱལ་སྤྱིའི་སྐྱེད་ཚལ་སྟོན་ཚོགས་གླིང་དང་པོ་དེ་བསྐྲུན་ནས་གྲོང་མིར་སྔོ་ལྗང་གི་བར་མཐོངས་གསར་པ་ཞིག་བསྐྲུན་རྒྱུ་དང་འབྲེལ་གྲོང་ཁྱེར་གྱི་སྣོད་བཅུད་མིང་བྱང་གསར་པ་ཞིག་ཀྱང་གཏོད་རྒྱུ་རེད།
          ཟི་ལིང་གྲོང་ཁྱེར་གྱིས་《ལྗང་མདོག་འཕེལ་རྒྱས་ཀྱི་དཔེ་སྟོན་གྲོང་ཁྱེར་བསྐྲུན་རྒྱུའི་སྐོར་གྱི་ལག་བསྟར་བསམ་འཆར་》བཏོན་ནས“ས་མཐོ་སྔོ་ལྗང”དང་། “ཟི་ལིང་གི་ནམ་མཁའ་སྔོ་ཞིང་དྭངས་བ” “གཙང་པོ་དང་མཚེའུ་དྭངས་གཙང” ལྗང་མདོག་ཐོན་ལས། བཅོས་སྒྲིག་གི་ནུས་པ། ལྗང་མདོག་གི་སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་བཅས་འཛུགས་སྐྱོང་གི་བྱ་བྱེད་ཆེན་པོ་དྲུག་ལག་བསྟར་བྱས་ཏེ་ས་མཐོའི་ལྗང་མདོག་འཕེལ་རྒྱས་ཀྱི་གྲོང་ཁྱེར་བསྐྲུན་རྒྱུར་ཤུགས་སྣོན་བརྒྱབ་ཡོད། མཚོ་སྔོན་ཞིང་ཨུད་ཀྱི་རྒྱུན་ཨུ་ཟི་ལིང་གྲོང་ཨུད་ཀྱི་ཧྲུའུ་ཅི་ཝང་ཞའོ་ཡིས“‘ཟི་ལིང་གི་ནམ་མཁའ་སྔོ་ཞིང་དྭངས་བ’དང་། ‘ས་མཐོ་སྔོ་ལྗང’‘གཙང་པོ་དང་མཚེའུ་དྭངས་གཙང’བཅས་ནི་ཏང་དར་གྱི་སྣེ་ཁྲིད་ལས་བྱུང་བ་ཞིག་རེད། ང་ཚོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་སྔོ་ཞིང་དྭངས་པའི་རི་ཆུ་གསེར་རི་དངུལ་རི་ཡིན་ལ་གངས་འཁྱགས་ཀྱིས་བསྡམས་པའི་ས་གཞི་ཡང་གསེར་རི་དངུལ་རི་ཡིན་པ་སོགས་ཀྱི་བླང་བྱ་གལ་ཆེན་བློ་ལ་བརྟན་པོར་ངེས་ནས་སྣོད་བཅུད་ཉམས་ཞན་དང་དར་རྒྱས་འགྲོ་འགོར་བའི་ས་ཁུལ་དུ་སྤྱི་ཡོངས་སྔོ་ལྗང་འཕེལ་རྒྱས་ཀྱི་ལམ་བུ་གསར་པ་ཞིག་ཧུར་ཐག་བསྐྲུན་ཡོད”ཅེས་བཤད།
         ལྗང་མདོག་འཕེལ་རྒྱས་དེ་སྦགས་བཙོག་བཅོས་སྒྲིག་བྱས་པ་ལས་བྱུང་ཞིང་། ཙོང་ཆུའི་འགྲམ་གྱི་ཁྲའོ་དབྱང་ཆུ་ཤུགས་གློག་ཁང་ད་ཆ་འགྲེམས་སྟོན་ཁང་དུ་གྱུར་པ་དང་ཐོག་བརྩེགས་ཅན་གྱི་གཞུང་ལས་ཁང་ཡང་ཙོང་ཆུའི་ཕྱོགས་བསྡུས་བཅོས་སྒྲིག་བཀོད་འདོམས་པུའུ་རུ་གྱུར་ཞིང་། ཕྱིས་སུ་དེའི་རྒྱུད་དུ་ཆུ་ཤུགས་གློག་ཁང་བསྐྲུན་རྒྱུར་ཆོག་མཆན་སྤྲོད་རྒྱུ་མིན་པ་རེད། ཟི་ལིང་གིས་སྔ་རྗེས་སུ་ཙོང་ཆུའི་རྒྱུད་ཀྱི་ཁྲིམས་འགལ་གྱི་བྱེ་མ་སྔོག་ས་211མེད་པ་བཟོས་པ་དང་བཙོག་ཆུ་གློད་ས་668བཅོས་སྒྲིག་བྱས་ཁར་ཁྱོན་མ་དངུལ་སྒོར་དུང་ཕྱུར་20ཙམ་བཏང་ནས་གྲོང་ཁུལ་དུ་བཙོག་ཆུ་གཙང་གསིང་བཟོ་གྲྭ་དང་ཆུ་བསྐྱར་སྐྱེས་བཟོ་གྲྭ་8བསྐྲུན་པར་བརྟེན་ད་ཆ་ཙོང་ཆུའི་སྤུས་ཚད་དེ་Ⅳརིགས་ཀྱི་ཚད་གཞིའི་100%ཟིན་ཏེ་ཆུ་ངོགས་ཀྱི་སྔོ་ལྗང་རྣམ་པ་ཡང་དེ་སྔ་ལྟར་གྱུར་ཡོད་པ་རེད།
         སྔོ་ལྗང་འཕེལ་རྒྱས་དེ་སྒྱུར་བཅོས་གསར་གཏོད་ལས་བྱུང་ཡོད། “ངའི་ཁྱིམ་གྱིས་རྒྱ་ཁྱོན་མུའུ་2090ཡོད་པའི་ས་ལ་སྡོང་ཕྲུག་སྣ་ཁ་རྐང་ཁྲི་200ཙམ་བཏབ་ཡོད”ཅེས་ཟི་ལིང་གློག་ཁང་ཀུང་སིའི་པེ་ཧྲན་ཏཱ་ཏུན་གྲོང་ཚོའི་སྔོ་ལྗང་འགན་གཙང་ཁུལ་གྱི་འགན་ཁུར་བ་མཱ་ནེ་ཀན་གྱིས་སྤོབས་པ་དང་བཅས་བརྗོད་བྱུང་། ཟི་ལིང་ལྷོ་བྱང་གི་རི་ཀླུང་སྔོ་ལྗང་ཅན་དུ་འགྱུར་ཆེད། ལས་ཁུངས་དང་ཁེ་ལས་བྱ་གཞག་ཚན་པ་དང་མི་སྒེར་གྱིས་ཡུག་བགོས་འགན་གཙང་ལེན་རྒྱུར་སྐུལ་ལྕག་བྱས་པ་དང་འབྲེལ། ནགས་དབང་ལག་ཁྱེར་སྤྲད་དེ་ས་ཆ་སྤྱོད་དབང་དང་ནགས་ཤིང་དབང་ཆ་ཁ་གསལ་བཟོས་པའི་ཁར“སུས་བཏབ་ན་དེར་དབང་བའི”ལྕག་འདེབས་སྲིད་ཇུས་སྤྱད་དེ་ཐབས་ལམ་མང་པོའི་ཐོག་ནས་མ་དངུལ་སྤྱི་འདོམས་བྱས་ཡོད། བྱེད་ཐབས་གསར་གཏོད་ཐད་ཕན་འབྲས་མངོན་གསལ་དོད་པོ་ཐོན་ནས་འགན་གཙང་ཁུལ་117གྱིས་སྔོ་འགྱུར་ཐད་བཏང་བའི་མ་དངུལ་དེ་བཅུ་ཆ་དྲུག་ཙམ་ཟིན་པ་དང་ལྷོ་བྱང་རི་བོར་ནགས་ཚལ་ཁྱབ་ཚད་79%མང་དུ་ཕྱིན་ཁར་གསར་འཕར་ནགས་ཚལ་གྱི་རྒྱུ་ནོར་རིན་ཐང་སྒོར་དུང་ཕྱུར་51.7ཟིན་པ་དེ་ལས་གྲྭའི་སྤྱིའི་མ་འཇོག་གི་ལྡབ་3.2ཟིན་པ་དང་བྱེ་རླུང་འགོག་པའི་ནུས་པ་ཡང་ལྡབ་7ལྷག་ཙམ་འཕར་ཏེ་གྲོང་ཁྱེར་གྱི་སྣོད་བཅུད་སྲུང་ཡོལ་དུ་གྱུར་ཡོད། ན་ནིང་ནས་བཟུང་ཟི་ལིང་གིས་ལྷོ་བྱང་རི་སྟེང་དུ་དུས་བཀག་གསུམ་ལ་དབྱེ་ནས་ནགས་བཟོ་མུའུ་ཁྲི་9བྱས་པ་དང་རིང་ཚད་སྤྱི་ལེ་400ཡོད་པའི་གྲོང་ཁྱེར་དང་། གྲོང་འདབས། གྲོང་ཁྱེར་ས་ཁོངས་བཅས་རིམ་གསུམ་ལྗང་མདོག་མ་ལག་བསྐྲུན་པ་དང་འབྲེལ་ལྗང་མདོག་དྲ་རྒྱ་དང་རང་བྱུང་ཁོར་ཡུག་གཞི་གཅིག་ཏུ་འགྱུར་རྒྱུར་སྐུལ་འདེད་བཏང་བ་མ་ཟད། སྤྱི་ལེ་ངོས་གྲུ་217.3ཡོད་པའི་སྣོད་བཅུད་ནགས་ཚལ་སྤྱི་གླིང་བསྐྲུན་ནས་ཟི་ལིང་གི་ས་མཐོའི་སྣོད་བཅུད་ཀྱི་རི་ཀླུང་སྐྱེད་ཚལ་གྲོང་ཁྱེར་གྱི་རྣམ་པ་ལེགས་སུ་བཏང་ཡོད།
          ལྗང་མདོག་འཕེལ་རྒྱས་ཐད་ཐོན་ལས་རིམ་སྤོར་ཐུབ་པ་བྱས་ཤིང་། ཟི་ལིང་གིས་《ལྗང་མདོག་འཕེལ་རྒྱས་དཔེ་མཚོན་གྲོང་ཁྱེར་བསྐྲུན་རྒྱུའི་བྱ་སྤྱོད་གསལ་ཐོ་》བཏོན་ནས་རྒྱལ་ཡོངས་ཀྱི་འོད་ཤུགས་བཟོ་སྐྲུན་ལྟེ་གནས་གལ་ཆེན་གྱི་དམིགས་ཚད་ལ་དམིགས་ནས་འོད་ཤུགས་ཐོན་ལས་ཀྱི་གཙོ་གནད་རྣམ་གྲངས་15ལག་བསྟར་བྱས་པས་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར་90བྱུང་བ་དང་། ལི་གློག་སོགས་ནུས་རྒྱུ་གསར་པའི་ཐོན་ལས་རིན་ཐང་སྒོར་དུང་ཕྱུར་50ལས་བརྒལ་ཡོད། མཚོ་བོད་ས་མཐོའི་ཁྱད་ལྡན་སྐྱེ་དངོས་ཐོན་ཁུངས་ལས་སྣོན་ཞིབ་ཚགས་དང་ཀྲུང་ལུགས་དང་བོད་སྨན་ཐོན་ལས་རྟེན་གཞི་བསྐྲུན་རྒྱུར་སྐུལ་འདེད་བཏང་བ་དང་འབྲེལ་བཟའ་བཅའ་དང་འཕྲོད་སྦྱོར་ཟས་རིགས་གཅིག་སྡུད་ཁུལ་ཕྱོགས་ཡོངས་ནས་བསྐྲུན་ཏེ་ཐོན་ལས་གསར་པས་སྣེ་འདྲེན་གསར་པར་འདེགས་སྐྱོར་ཐུབ་པ་བྱས་ཤིང་། 2015ལོ་ཚུན་ཟི་ལིང་གི་དཔལ་འབྱོར་འཕར་ཚད་དེ་བསྟུད་མར་རྒྱལ་ཡོངས་ཀྱི་ཞིང་ཆེན་གྲོང་ཁྱེར་ཁྲོད་མདུན་གྱི་ཨང་གསུམ་པའི་གྲལ་དུ་སླེབས་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།