འཚོལ་བཤེར།   
藏文频道
2018ལོའི་ཟླ་2ཚེས་4ཉིན།
  • མི་དམངས་དྲ་བ།

    ༄༅།།ཧྲང་ཧའེ་དང་ཡུན་ནན་གྱིས"ལག་གདང་སྦྲེལ་ནས"བདེ་ཆེན་སོགས་ས་ཁུལ་དབུལ་པོའི་སྤྱི་
    ཚོགས་ལས་དོན་གྱི་ཞབས་ཞུའི་འཇོན་ཐང་ཆེ་རུ་བཏང་བ། 

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 02ཚེས་04ཉིན། 11:47】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
          མི་དམངས་དྲ་བའི་འཕྲིན། ཟླ་1ཚེས་24ཉིན་ཧྲང་ཧའེ་དང་ཡུན་ནན་གྱི་སྤྱི་ཚོགས་ལས་དོན་ཞབས་ཞུའི་སྒྲིག་གཞིའི“ལག་གདང་སྦྲེལ་བའི་འཆར་གཞི”ཁག་དང་པོ་ཁུན་མིང་དུ་སྤེལ་བ་དང་། དེའི་ནང་ཧྥུའུ་ཏན་སློབ་ཆེན་ཁོངས་གཏོགས་ཀྱི་བྱིས་ནད་སྨན་ཁང་གི་སྤྱི་ཚོགས་ལས་དོན་པུའུ་ཚུད་པའི་ཧྲང་ཧའེ་ཡི་སྤྱི་ཚོགས་ལས་དོན་སྒྲིག་གཞི་5ཡིས་ཡུན་ནན་གྱི་སྤྱི་ཚོགས་ལས་དོན་སྒྲིག་གཞི་5དང་མཉམ་དུ་ཡུན་ནན་གྱི་ས་ཁུལ་དབུལ་པོར་དམིགས་བསལ་དཀའ་ངལ་ཡོད་པའི་མང་ཚོགས་ལ་སྤྱི་ཚོགས་ཀྱི་ལས་དོན་ཞབས་འདེགས་ཞུ་རྒྱུ་ཡིན་པ་རེད།
           ཡུན་ནན་ཞིང་ཆེན་དམངས་སྲིད་ཐིང་གི་ཏང་ཙུའི་ཁོངས་མི་ཐིང་ཀྲང་གི་ལས་རོགས་ལུའོ་ཅུན་གྱིས་2020ལོའི་གོང་ཡུན་ནན་གྱིས་རྒྱལ་ཁབ་ཀྱི་དབུལ་སྐྱོར་གསར་སྤེལ་ལས་དོན་གྱི་གཙོ་གནད་རྫོང་དང་། གཅིག་སྡུད་ཡུག་འབྲེལ་གྱི་ཤིན་ཏུ་དཀའ་ངལ་ཆེ་བའི་ས་ཁུལ་གྱི་རྫོང་། རྒྱལ་ཁབ་ཀྱི་ཤིན་ཏུ་དབུལ་པོའི་ས་ཁུལ་གྱི་རྫོང་སོགས་ས་ཁུལ་དབུལ་པོ་27ལ་སྤྱི་ཚོགས་ལས་དོན་གྱི་སྒྲིག་གཞི་20བདམས་ནས་ཧྲང་ཧའེ་གྲོང་ཁྱེར་གྱི་རོགས་སྐྱོར་མངགས་གཏོང་གི་སྤྱི་ཚོགས་ལས་དོན་སྒྲིག་གཞི་20དང་མཉམ་དུ་ཆ་སྒྲིག་རོགས་རམ་བྱ་རྒྱུ་ཡིན་ཞེས་ངོ་སྤྲོད་བྱས་པ་རེད།
         ད་ཐེངས་ཀྱི་འཆར་གཞི་དང་པོ་ནི་ཧྥུའུ་ཏན་སློབ་ཆེན་ཁོངས་གཏོགས་ཀྱི་བྱིས་ནད་སྨན་ཁང་གི་སྤྱི་ཚོགས་ལས་དོན་པུའུ་དང་། ཧྲང་ཧའེ་ཤར་ཕྱོགས་སྤྱི་ཚོགས་ལས་དོན་སུའོ། ཧྲང་ཧའེ་གྲོང་ཁྱེར་ཧྥུའུ་ཏུང་ཁུལ་གསར་གྱི་སྤྱི་ཚོགས་ལས་དོན་མཐུན་ཚོགས་སོགས་སྤྱི་ཚོགས་ཀྱི་ལས་དོན་སྒྲིག་གཞི་5ཡིས་ཡུན་ནན་ཞིང་ཆེན་ཀྲའོ་ཐུང་གྲོང་ཁྱེར་གྱི་ཨན་རན་སྤྱི་ཕན་བྱ་གཞག་མཉམ་འབྲེལ་ལྷན་ཚོགས་དང་། ཝུན་ཧྲན་ཀྲོའུ་ཡི་ཏི་པ་ཐན་གཞོན་ནུ་ལོ་ཆུང་ལས་དོན་གྱི་སྤྱི་ཚོགས་ཞབས་ཞུའི་ལྟེ་གནས། བདེ་ཆེན་ཀྲོའུ་ཡི་བྱིས་པའི་ཕན་བདེ་ཁང་སོགས་ལས་དོན་སྒྲིག་གཞི་5དང“ལག་གདང་སྦྲེལ་རྒྱུ”ཡིན་པ་དང་མིག་སྔར་འབྲེལ་ཡོད་སྒྲིག་གཞི་ཁག་ཡུན་ནན་གྱི་ས་གནས་ཁག་ཏུ་ཞབས་ཞུའི་ལས་དོན་སྤེལ་བར་བསྐྱོད་པ་རེད།
         “སྤྱི་ཚོགས་ལས་དོན་སྒྲིག་གཞི་དེས་དབུལ་སྒྲོལ་འགག་སྒྲོལ་དང་གྲོང་གསེབ་ཀྱི་གཞིས་ལུས་བྱིས་པར་དོ་ཁུར་དང་གཅེས་སྐྱོང་བྱེད་རིང་སེམས་ཁམས་ཀྱི་སློབ་གསོ་རྒྱག་པ་དང་། བྱམས་སྐྱོང་བྱེད་པ། འབྲེལ་བ་ཟབ་གཏོང་སོགས་ཆེད་ལས་ཀྱི་ནུས་པ་འདོན་སྤེལ་བྱས་ཏེ་དཀའ་ངལ་ཡོད་པའི་མང་ཚོགས་ལ་བསམ་བློར་འགྱུར་ལྡོག་གཏོང་བ་དང་། རང་ངོས་དབུལ་སྒྲོལ་གྱི་སེམས་ཤུགས་འཕེལ་བ། ཕྱུག་འགྱུར་གྱི་ལམ་བུ་རྒྱ་ཆེར་གཏོང་བ། རང་ངོས་དབུལ་སྒྲོལ་གྱི་འཇོན་ཐང་ཆེ་རུ་གཏོང་བ་བཅས་ཐད་རོགས་རམ་བྱ་རྒྱུ་ཡིན”ཞེས་ལུའོ་ཅུན་གྱིས་བཤད།
          སླད་ཕྱིན་ཧྲང་ཧའེ་དང་ཡུན་ནན་གྱིས་སྤྱི་ཚོགས་ལས་དོན་གྱི་ཆེད་ལས་ཤེས་ལྡན་པ་ཁག་གཅིག་གསོ་སྐྱོང་བྱས་ནས་ས་ཁུལ་དབུལ་པོའི་དམིགས་བསལ་དཀའ་ངལ་ཡོད་པའི་མང་ཚོགས་ལ་སྤྱི་ཚོགས་ལས་དོན་གྱི་ཞབས་ཞུའི་རྣམ་གྲངས་ཁག་གཅིག་མཁོ་འདོན་བྱ་རྒྱུར་རྒྱབ་སྐྱོར་བྱས་ནས་སྤྱི་ཚོགས་ལས་དོན་ཞབས་ཞུའི་ལམ་ལུགས་བཟོ་བ་དང་འཐུས་སྒོ་ཚང་དུ་གཏོང་བ་དང་། སྤྱི་ཚོགས་ལས་དོན་གྱི་ཞབས་ཞུའི་འཇོན་ཐང་ཆེ་རུ་གཏོང་བ། སྤྱི་ཚོགས་ལས་དོན་ཞབས་ཞུའི་ཧྲང་ཧའེ་དང་ཡུན་ནན་གྱི་གཞོགས་འདེགས་ལས་སྟེགས་སྐྲུན་པ་བཅས་བྱས་ནས་དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་ལ་རྒྱལ་ཁ་ཐོབ་པར་བྱེད་པའི་ཁྲོད་སྤྱི་ཚོགས་ལས་དོན་གྱི་ཆེད་ལས་སྟོབས་ཤུགས་ཀྱི་ནུས་པ་སྔར་བས་ཆེ་བ་འདོན་རྒྱུར་སྐུལ་འདེད་གཏོང་རྒྱུ་ཡིན་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།