འཚོལ་བཤེར།   
藏文频道
2017ལོའི་ཟླ་11ཚེས་23ཉིན།
  • མི་དམངས་དྲ་བ།

    ༄༅།།ལོ་29ཙམ་སོང་རྗེས་སི་ཁྲོན་གྱི་རྫོང་བཞིས་མོང་རྫོང་དུ་མཉམ་འཛོམས་ཀྱིས་ཆའང་རིགས་
    ཀྱི་ལོ་གསར་ལ་རྟེན་འབྲེལ་ཞུས་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 11ཚེས་23ཉིན། 10:34】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་11ཚེས་18ཉིན་ནི་ལུགས་རྙིང་ལོའི་ཟླ་བཅུ་པའི་ཚེས་གཅིག་ཡིན་པ་དང་། ཉིན་དེར་ཆའང་རིགས་མང་ཚོགས་ཀྱིས་ལོ་གཅིག་གི་གྲ་རྒྱས་ཤོས་ཀྱི་སྲོལ་རྒྱུན་དུས་ཆེན་ཏེ། ཆའང་རིགས་ཀྱི་ལོ་གསར་བསུས་པ་རེད། དེ་ཉིན་སི་ཁྲོན་རྔ་པ་བོད་རིགས་ཆའང་རིགས་རང་སྐྱོང་ཀྲོའུ་ཡི་མོང་རྫོང་དང་། དབུན་ཁྲོན། ལི་རྫོང་། མན་དབྱང་པེ་ཁྲོན་བཅས་རྫོང་བཞིའི་ཆའང་རིགས་སྤུན་ཟླ་1000ལྷག་ཙམ་གྱིས་མི་རིགས་ཀྱི་གཟབ་མཆོར་ལེགས་པར་སྤྲས་ཏེ་མོང་རྫོང་དུ་མཉམ་འཛོམས་ཀྱིས་དུས་ཆེན་དགའ་གཏོང་བྱས་པ་དེ་ནི་རྫོང་བཞི་པོས་1988ལོ་ནས་ད་བར་ལོ་29ཙམ་སོང་རྗེས་ཆའང་རིགས་ཀྱི་ལོ་གསར་གཏོང་བའི་མཉམ་སྤྲོའི་བྱེད་སྒོ་ཆེ་མོ་སླར་ཡང་སྤེལ་བ་ཞིག་རེད།
         ཤེས་རྟོགས་བྱུང་བར་གཞིགས་ན། ཆའང་རིགས་ནི་རང་རྒྱལ་མི་རིགས་ཀྱི་རུས་མིང་རུས་བརྐོས་ཡི་གེའི་ནང་འཁོད་པའི་མི་རིགས་འབའ་ཞིག་དེ་ཡིན་པ་དེར་ཀྲུང་ཧྭ་མི་རིགས་ཀྱི་ལོ་རྒྱུས་ཐོག“འགྱུར་རྡོ་གསོན་པོ”ཞེས་བརྗོད་ཀྱི་ཡོད། དེ་གཙོ་བོ་རྔ་པ་ཀྲོའུ་ཡི་མོང་རྫོང་དང་། དབུན་ཁྲོན། ལི་རྫོང་། ཟུང་ཆུ། མན་དབྱང་པེ་ཁྲོན་སོགས་སུ་ཁྱབ་པའི་ཁྲོད་མོང་རྫོང་ནི་རང་རྒྱལ་གྱི་ཆའང་རིགས་འདུས་སྡོད་ཁུལ་ཆེ་ཤོས་དེ་རེད།
         ཆའང་རིགས་ཀྱི་ལོ་གསར་ནི་ཆའང་རིགས་མི་དམངས་ཀྱིས་ལོ་ལེགས་ལ་རྟེན་འབྲེལ་ཞུ་བའི་ཉིན་མོ་ཞིག་དང་ཆའང་རིགས་ཀྱི་སྲོལ་རྒྱུན་དུས་ཆེན་གྲ་རྒྱས་ཤོས་ཤིག་རེད། སྔ་དྲོའི་ཆུ་ཚོད་9པར་མོང་རྫོང་གི་ཀྲུང་གོའི་གནའ་བོའི་ཆའང་རིགས་གྲོང་ཁྱེར་གྱི་རྒྱལ་སྒོ་ཕྱེ་བ་ལས་དེ་གར་དགའ་སྤྲོ་རབ་ཏུ་འཁོལ་བར་གྱུར། མོང་རྫོང་གི་ས་གནས་དེ་གའི་མངོན་མིན་རིག་གནས་ཤུལ་བཞག་འཁྲབ་སྟོན་རུ་ཁག་དང་ས་ཆ་གཞན་ནས་ཡོང་བའི་ཆའང་རིགས་ཀྱི་མངོན་མིན་རིག་གནས་ཤུལ་བཞག་གི་འཁྲབ་སྟོན་རུ་ཁག་16གིས་གཞས་སྣེ་ཁྲིད་པ་དང་། གཞས་མཐུད་པ། གཞས་ལེན་པ་བཅས་གཙོ་རྐང་དུ་བྱེད་པ་དང་གླུ་གཞས་འགྲན་བསྡུར་དང་། ཞབས་བྲོ་འགྲན་བསྡུར། རྒྱན་གོས་འགྲན་བསྡུར་བཅས་ཀྱི་བྱ་ཐབས་ཐོག་ནས་ཆའང་རིགས་ཀྱི་གླིང་བུ་དཀྲོལ་བ་དང་། ཆའང་རིགས་ཀྱི་གཞས་གཏོང་བ། ཆའང་རིགས་ཀྱི་ལུག་ལྤགས་གི་རྔ་རྔུང་བ་སོགས་བྱས་ནས་ཆའང་རིགས་ཀྱི་མང་ཚོགས་ཆིག་སྟོང་ཙམ་གྱིས་ལོ་གསར་ལ་རྟེན་འབྲེལ་ཞུ་བ་དང་ཆབས་ཅིག་ཆའང་རིགས་ཀྱི་གདོད་མའི་སྣོད་བཅུད་ཀྱི་རིག་གནས་སྟོན་མོ་ཞིག་ཀྱང་བཤམས་ཡོད་པ་རེད།
         ཤེས་རྟོགས་བྱུང་བར་གཞིགས་ན། ཆའང་རིགས་ཀྱི་ལོ་གསར་གྱི་རྟེན་འབྲེལ་མཛད་སྒོར་ཆའང་རིགས་ཀྱི་ཡུལ་སྲོལ་གོམས་འདྲིས་དང་། ཆོས་ལུགས། ཞབས་བྲོ་སོགས་རིག་གནས་སྣ་ཚོགས་ཚུད་པ་དེས་རིག་གནས་ཀྱི་དོན་སྙིང་ཟབ་མོ་མཚོན་ཐུབ། དེར་བརྟེན་ཆའང་རིགས་ཀྱི་ལོ་གསར་གྱིས་ཆའང་རིགས་ཀྱི་ལོ་རྒྱུས་དང་། རིག་གནས། ཆོས་ལུགས་སོགས་ཞིབ་འཇུག་བྱ་རྒྱུར་ཚན་རིག་གི་གཞི་འཛིན་ས་གལ་ཆེན་མཁོ་འདོན་བྱས་ཡོད་པ་རེད། 2008ལོའི་ཟླ་6པར“ཆའང་རིགས་ཀྱི་ལོ་གསར”《ཁག་གཉིས་པའི་རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་གི་མིང་གཞུང་》ནང་ཚུད་པ་དང་། 2009ལོར་མཉམ་འབྲེལ་རྒྱལ་ཚོགས་སློབ་གསོ། ཚན་རིག རིག་གནས་རྩ་འཛུགས་ཀྱི་《སྲུང་སྐྱོབ་བྱེད་དགོས་ངེས་ཀྱི་མངོན་མིན་རིག་གནས་ཤུལ་བཞག་གི་མིང་གཞུང་》ནང་བཅུག་པ་རེད།
         དེ་ཉིན་ད་དུང་2017ལོའི་སི་ཁྲོན་ཞིང་ཆེན་གྱི་སྐབས་དང་པོའི་རྒྱལ་ཁབ་རིམ་པའི་ཆའང་རིགས་རིག་གནས་སྣོད་བཅུད་སྲུང་སྐྱོང་ཚོད་ལྟའི་ཁུལ་འཛུགས་སྐྲུན་གྱི་གྲུབ་འབྲས་འགྲེམས་སྟོན་བྱས་པ་དང་ཆབས་ཅིག ཕུགས་ཕན་ལམ་སྲོལ་ཡང་བཙུགས་ཏེ་ཆའང་རིགས་ཀྱི་རིག་གནས་སྣོད་བཅུད་སྲུང་སྐྱོང་ཚོད་ལྟ་ཁུལ་དང་ལྟེ་བའི་ཁུལ་གྱི་མོང་རྫོང་དང་། པེ་ཁྲོན། དབུན་ཁྲོན། ལི་རྫོང་བཅས་རྫོང་བཞིས་རེས་མོས་ངང་ཆའང་རིགས་ཀྱི་ལོ་གསར་རིང་གྲུབ་འབྲས་འགྲེམས་སྟོན་བྱ་རྒྱུ་ཡིན་པ་དང་ལོ་ལྟར་སྐབས་རེ་གཉེར་རྒྱུ་རེད། 
      

    ཕྱོགས་བསྡུས་གསར་འགྱུར།