འཚོལ་བཤེར།   
藏文频道
2017ལོའི་ཟླ་3ཚེས་29ཉིན།
  • མི་དམངས་དྲ་བ།

    ༄༅།།དབྱར་ཁ་དང་སྟོན་ཀར་བོད་ནས་འགྲོ་འོང་གི་དུས་གཏན་གནམ་གྲུ་མང་དུ་གཏོང་རྒྱུ་ཡིན་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 03ཚེས་29ཉིན། 13:39】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་3ཚེས་26ཉིན་ནས་བཟུང་རྒྱལ་ཡོངས་དམངས་སྤྱོད་མཁའ་འགྲུལ་གྱིས་2017ལོའི་དབྱར་ཁ་དང་སྟོན་ཀའི་དུས་གཏན་གནམ་གྲུ་གཏོང་བའི་འཆར་གཞི་དངོས་སུ་ལག་བསྟར་བྱེད་འགོ་ཚུགས་ཡོད། དབྱར་ཁ་དང་སྟོན་ཀར་བོད་དུ་ཡུལ་སྐོར་བྱེད་མང་བའི་དུས་ཚིགས་བསུ་ཆེད། མཁའ་འགྲུལ་ཀུང་སིས་བོད་ནས་འགྲོ་འོང་གི་དུས་གཏན་གནམ་གྲུའི་ཐེངས་གྲངས་སླར་གསོ་དང་མང་དུ་གཏོང་རྒྱུ་ཡིན་པ་རེད། པེ་ཅིང་དང་། ཁྲེང་ཏུའུ། ཀོང་ཀྲོའུ། ཁྲུང་ཆིང་། ཀ་ཏ་མན་རྡུ་སོགས་རྒྱལ་ཁབ་ཕྱི་ནང་གི་གྲོང་ཁྱེར་30ལྷག་ཙམ་དང་བོད་དབར་གནམ་གྲུ་འགྲོ་འོང་ཐུབ་རྒྱུ་རེད།
         ཤེས་རྟོགས་བྱུང་བར་གཞིགས་ན། ཁྲུང་ཆིང་མཁའ་འགྲུལ་གྱི་ཁྲུང་ཆིང་ནས་ལྷ་ས་བར་འགྲོ་འོང་དང་། བོད་ལྗོངས་མཁའ་འགྲུལ་གྱི་ལྷ་ས་ནས་ཏཱ་ཀྲོའུ་དང་དེ་ནས་ཧང་ཀྲོའུ་བར་གྱི་འགྲོ་འོང་། ཞང་ཕེང་མཁའ་འགྲུལ་གྱི་ལྷ་ས་ནས་དར་རྩེ་མདོ་དང་དེ་ནས་ཁྲེང་ཏུའུ་བར་གྱི་འགྲོ་འོང་བཅས་ཀྱི་མཁའ་ལམ་སླར་གསོ་བྱ་རྒྱུ་ཡིན་པ་རེད། ལྷ་ས་ནས་པེ་ཅིང་དང་ཁྲེང་ཏུའུ་བར་གྱི་དུས་གཏན་གནམ་གྲུའི་ཐེངས་གྲངས་མང་དུ་གཏོང་རྒྱུ་ཡིན་པ་རེད། ནུབ་རྒྱུད་མཁའ་འགྲུལ་གྱིས་ལྷ་ས་ནས་ཀྲེན་ཀྲོའུ་བར་གྱི་འགྲོ་འོང་དུས་གཏན་གནམ་གྲུ་མང་དུ་གཏོང་རྒྱུ་ཡིན་པས་ཀྲེན་ཀྲོའུ་ནས་བོད་དུ་ཡོང་མཁན་ཡུལ་སྐོར་བར་ཉིན་ལྟར་ཐད་འཕུར་དུས་གཏན་གནམ་གྲུ་ཐེངས་གཉིས་གཏོང་རྒྱུ་རེད། བོད་ལྗོངས་མཁའ་འགྲུལ་གྱིས་ཧོ་ཕེ་ཟམ་གསར་གནམ་ཐང་དུ་འཕུར་སྐྱོད་ཚོད་ལྟའི་གྲ་སྒྲིག་བྱེད་བཞིན་ཡོད་པས་ལྷ་ས་ནས་ཧོ་ཕེ་བར་གྱི་མཁའ་ལམ་ཤར་གཏོང་བྱེད་རྩིས་ཡོད། དེ་བཞིན་ཟླ་5ཚེས་15ཉིན་ནས་བཟུང་། བོད་ལྗོངས་ཉིང་ཁྲི་སྨན་གླིང་གནམ་ཐང་གིས་ཤིས་ཨན་དུ་འགྲོ་འོང་བྱེད་པའི་མཁའ་ལམ་མང་དུ་བཏང་ནས་གཟའ་རེའི་རེས་གཟའ་ཟླ་བ་དང་། ལྷག་པ། པ་སངས། ཉི་མ་བཅས་ལ་འཕུར་ཆོག་གི་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།