འཚོལ་བཤེར།   
藏文频道
2017ལོའི་ཟླ་3ཚེས་29ཉིན།
  • མི་དམངས་དྲ་བ།

    ༄༅།།བརྗིད་རླབས་ཆེ་བའི་དུས་རབས་དང་བདེ་སྐྱིད་ལྡན་པའི་མི་དམངས།

    —— བོད་ཀྱི་ཞིང་བྲན་ཁྲི་ཚོ་བརྒྱར་བཅིངས་འགྲོལ་ཐོབ་ནས་ལོ་58འཁོར་བའི་དུས་སུ་བྲིས།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 03ཚེས་29ཉིན། 13:38】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
    ༄༅།།བརྗིད་རླབས་ཆེ་བའི་དུས་རབས་དང་བདེ་སྐྱིད་ལྡན་པའི་མི་དམངས།
         མི་དམངས་དྲ་བའི་འཕྲིན། “བོད་ཀྱི་དགུན་དུས་ཧ་ཅང་གྲང་མོ་ཡོད་མོད། འོན་ཀྱང་ང་ཚོ་སྒོ་ཕྱུགས་དང་མཉམ་དུ་སྡོད་རྒྱུ་ལས་མེད”ཅེས་ལོ་76ལ་སླེབས་པའི་ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་གྲྭ་བཞི་སྡེ་ཁུལ་གྱི་གྲོང་མི་སྐར་མས་མིག་ཆུ་གཏོང་བཞིན་དུ་དེ་སྔའི་ཞིང་བྲན་འཚོ་བར་ཕྱིར་དྲན་བྱས།
         འདི་ལོའི་ཟླ་3ཚེས་28ཉིན་ནི་བོད་ཀྱི་ཞིང་བྲན་ཁྲི་ཚོ་བརྒྱར་བཅིངས་འགྲོལ་ཐོབ་ནས་ལོ་58འཁོར་བའི་དྲན་གསོའི་ཉིན་མོ་ཞིག་ཡིན། ལོ་58གོང་ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་འོག་བོད་དུ་ཟིལ་རླབས་དགུང་འཕྱུར་གྱི་དམངས་གཙོའི་བཅོས་སྒྱུར་བྱས་ནས་སྡེ་པ་གཞུང་དང་། སྐུ་དྲག དགོན་སྡེའི་མཐོ་རིམ་སེར་མོ་བ་བཅས“མངའ་བདག་ཆེན་པོ་གསུམ”གྱི་དབང་སྒྱུར་རྦད་དེ་མགོ་རྟིང་སློག་ཡོད། དམངས་གཙོའི་བཅོས་སྒྱུར་མ་བྱས་གོང་གི་བོད་རྙིང་པར་བོད་ཀྱི་མི་འབོར་བསྡོམས་འབོར་གྱི་95%བཟུང་བའི་ཞིང་བྲན་ཚོས་ཁྲལ་ལྕི་པོ་འཇལ་དགོས་པ་མ་ཟད། ལོ་གཅིག་རིང་གི་དུས་ཚོད་གསུམ་ཆ་གཉིས་ཙམ་གཞིས་བདག་ལ་འུ་ལག་རྒྱུག་དགོས། དེར་གླ་ཆ་མེད་ལ་ཟས་ཀྱང་མེད་པར་མི་ལུས་རང་དབང་ཟེར་བ་དེ་བས་གླེང་ཐབས་བྲལ།
         དེང་གི་དུས་སུ་ལོ་རྒྱུས་ཀྱི་འགོ་འཛུགས་ས་གསར་པའི་ཐོག་ལངས་པའི་བོད་ལྗོངས་འདི་ཉིད་མགྱོགས་མྱུར་འཕེལ་རྒྱས་འགྲོ་བའི་འཐབ་ཇུས་གལ་ཆེན་གྱི་གོ་སྐབས་བཟང་བའི་དུས་དང་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པ་བྱེད་པའི་རྒྱལ་ཁ་ཕུ་ཐག་གཅོད་པའི་དུས་མཚམས་སུ་སྐྱོད་འགོ་ཚུགས། དེང་བལྟས་སྔ་དྲན་བྱེད་སྐབས་མི་རིགས་ཁག་གི་མི་དམངས་ཚོས་སེམས་འགུལ་ཆེན་པོ་ཐེབས་བཞིན་དུ་རླབས་ཆེན་གྱི་ཀྲུང་གོ་གུང་ཁྲན་ཏང་ཁོ་ནས་ཞིང་བྲན་ཁྲི་ཚོ་བརྒྱའི་སྣེ་ཁྲིད་དེ་གཞི་ནས་ཡར་ལངས་བཅིངས་འགྲོལ་གཏོང་ཐུབ་པ་དང་། བོད་ཀྱི་མི་དམངས་རྣམས་གཞི་ནས་བདེ་སྐྱིད་ཕུན་སུམ་ཚོགས་པའི་འཚོ་བ་སྐྱེལ་ཐུབ་པ། ང་ཚོའི་སྣེ་ཁྲིད་དེ་གཞི་ནས་དེ་བས་མཛེས་སྡུག་ལྡན་པའི་འབྱུང་འགྱུར་ཕྱོགས་སུ་སྐྱོད་ཐུབ།
         ནོར་ལུག་དང་མཉམ་དུ་སྡོད་པ་ནས་བདེ་སྐྱིད་ལྡན་པའི་གྲོང་གསར་དུ་སྡོད་པའི་བར།
         འདི་ལོ་ལོ་62ལ་སླེབས་པའི་བདེ་ཆེན་སྒྲོལ་མ་ནི་བོད་ལྗོངས་ལྷོ་ཁ་ཁེ་གསུམ་གྲོང་ཚོའི་གྲོང་མི་ཡིན་པ་དང་ལོ་བཞིར་མ་སོན་གོང་ཁོ་མོ་ཁེ་གསུམ་གཞིས་ཀའི་ཞིང་བྲན་ཡིན་ཞིང་། “ང་བ་ཚང་ནང་དུ་སྐྱེས་པ་དང་ངའི་ཨ་མ་ནི་བ་གཡོག་རྒྱུག་མཁན་ཡིན། དུས་རྒྱུན་དུ་བ་ཚང་ནང་ཉལ་བ་དང་དེ་དུས་ཉལ་ཆས་མེད་པས་གོས་རྩབ་ཧྲལ་གང་རུང་ཞིག་གྱོན་ནས་དྲོད་ཁུག་ཐབས་བྱེད་ཀྱི་ཡོད”ཅེས་བདེ་ཆེན་སྒྲོལ་མས་བཤད།
         བོད་རྙིང་པར་ཞིང་འབྲོག་ཁུལ་གྱི་སྡོད་ཁང་ཕལ་ཆེ་བ་སྦྲ་གུར་དང་ཐོག་དཔངས་དམའ་ལ་བཞའ་ཚན་ཆེ་བའི་ས་ཕག་ཁང་པ་དང་རྡོ་ལེབ་ཀྱི་ཁང་པ་རེད། ཐ་ན་ཁག་གཅིག་བ་ཚང་དང་ལུག་ཚང་ནང་སྡོད་ཀྱི་ཡོད། 1950ལོར་བོད་དུ་མི་འབོར་ཁྲི་100ཡོད་པའི་ནང་ནས་སྡོད་ཁང་མེད་པའི་མི་ཁྲི་90ཟིན་གྱི་ཡོད། ཐོག་ཡོད་པའི་སྡོད་ས་ཞིག་ཡོང་བ་ནི་ཞིང་བྲན་མང་པོའི་ཚེ་གང་གི་འགྲུབ་ཐབས་དཀའ་བའི་ཕུགས་འདུན་ཞིག་རེད། དམངས་གཙོའི་བཅོས་སྒྱུར་དང་བོད་རང་སྐྱོང་ལྗོངས་དབུ་བརྙེས་རྗེས་བཅིངས་འགྲོལ་དམག་དང་མི་དམངས་སྲིད་གཞུང་གི་རོགས་རམ་འོག་ཡར་ལངས་ཞིང་བྲན་གྱིས་སྡོད་ཁང་ཁག་དང་པོ་དེ་བརྒྱབ་ཡོད།
         བོད་ལྗོངས་རྫ་ཡུལ་རྫོང་གྲོང་ནས་ཐོན་ཏེ་ལྷོ་ངོས་སུ་ཆུ་ཚོད་ཁ་ཤས་བསྐྱོད་རྗེས་རྒྱལ་ནང་གི་སྟེང་པ་བའི་འདུས་སྡོད་ཁུལ་ཆེ་ཤོས་ཏེ། རྫ་ཡུལ་རོང་སྨད་གྲོང་རྡལ་སྟེང་པ་བའི་གྲོང་གསར་དུ་སླེབས་ཀྱི་ཡོད། 2006ལོར་ས་གནས་སྲིད་གཞུང་གིས་སྲོལ་རྒྱུན་གྱི་སྡོད་ཁང་དང་སྐྲུན་དངོས་རིག་གནས་ཉར་ཚགས་བྱེད་པའི་རྨང་གཞིའི་ཐོག་སྟེང་པ་བའི་གྲོང་གསར་དུ་སྔོན་ལ་བདེ་སྡོད་ལས་གྲྭ་འཛུགས་སྐྲུན་བྱས་ནས་གྲོང་ཚོ་ཡོངས་ཀྱི་དུད་ཚང་63གྱི་སྡོད་ཁང་ཚང་མ་སྒྱུར་བཀོད་རྒྱས་སྐྲུན་བྱས་པ་རེད། 2010ལོ་ནས་བཟུང་སླར་ཡང་མིའི་འཚོ་སྡོད་ཁོར་ཡུག་ལེགས་བཅོས་དང་སྒོ་ར་སྒྱུར་བཀོད་རྣམ་གྲངས་ལག་ལེན་བསྟར་བས། ཁྱིམ་ཚང་ཚང་མས་དྭངས་གཙང་གི་ཆུ་འཐུང་རྒྱུ་བྱུང་བ་དང་ཉི་གློག་སྤྱོད་རྒྱུ་བྱུང་བ་མ་ཟད། བརྙན་འཕྲིན་དང་རླུང་འཕྲིན་ཡང་ལྟ་ཉན་ཐུབ་པ་ལ་སོགས་རེད།
         སྟེང་པ་བའི་གྲོང་གསར་ཁོ་ན་ཙམ་མིན་པར། 2006ལོ་ནས་བཟུང་བོད་ཀྱིས་ལྗོངས་ཡོངས་ཀྱི་ཁྱབ་ཁོངས་ནང་ལོ་རྒྱུས་ཐོག་གཞི་ཁྱོན་ཆེ་ཤོས་ཀྱི་ཞིང་འབྲོག་པའི་བདེ་སྡོད་ལས་གྲྭ་ལག་ལེན་བསྟར་ཡོད། 2013ལོའི་ལོ་མཇུག་ཏུ་བོད་ཀྱི་དུད་ཚང་ཁྲི་46.03དང་ཞིང་འབྲོག་པ་ཁྲི་230བདེ་འཇགས་ལྡན་ལ་སྤྱོད་གོ་ཆེ་བ་དང་རྒྱ་ཆེ་ཞིང་དཀར་ཆ་དོད་པའི་ཁང་གསར་ནང་སྡོད་རྒྱུ་བྱུང་ཡོད། མིག་སྔར་བོད་ཀྱི་ཞིང་འབྲོག་པའི་མི་རེའི་ཆ་སྙོམས་སྡོད་ཁང་གི་རྒྱ་ཁྱོན་སྨི་ངོས་གྲུ་30.51ཟིན་པ་དང་གྲོང་ཁྱེར་དང་གྲོང་རྡལ་གྱི་གྲོང་མིའི་མི་རེའི་ཆ་སྙོམས་སྡོད་ཁང་གི་རྒྱ་ཁྱོན་སྨི་ངོས་གྲུ་42.81ཟིན་གྱི་ཡོད་པ་རེད།
         སྲོག་ལ་དྲེས་ཐག་གི་རིན་ལས་མ་གནས་པ་ནས་རང་ཉིད་ཀྱི་བདེ་ཐང་ཡིག་ཚགས་ཡོད་པའི་བར།
         བོད་རྙིང་པར་དེང་རབས་ཀྱི་དོན་སྙིང་ལྡན་པའི་སྨན་བཅོས་འཕྲོད་བསྟེན་སྒྲིག་གཞི་གཅིག་ཀྱང་མེད་པ་དང་། སྨན་བཅོས་སྒྲིག་གཞི་དང་སྒེར་གྱི་སྒོ་བསྟེན་སྨན་ཁང་ཁག་གཅིག་དང་དེ་བཞིན་དམངས་ཁྲོད་ཀྱི་བོད་རིགས་སྨན་པ་ཐར་ཐོར་ལས་མེད། ཁོང་ཚོའི་ཞབས་འདེགས་ཞུ་ཡུལ་གཙོ་བོ་ནི་མངའ་བདག་ཆེན་པོ་གསུམ་ཡིན། ཞལ་ལྕེའི་ནང“མི་རབ་ཀྱི་རབ་ཀྱི་སྟོང་ནི་དེ་དག་གི་རོ་དང་གསེར་མཉམ་བརྗེ་བྱེད་པ་དང་མི་ཐ་མའི་ཐ་མའི་སྟོང་ལ་དྲེས་ཐག་གཅིག་ཡིན”ཞེས་འཁོད་ཡོད། དམངས་གཙོའི་བཅོས་སྒྱུར་བྱས་ཚུན་བོད་ཀྱི་དཔལ་འབྱོར་མགྱོགས་མྱུར་འཕེལ་རྒྱས་ཕྱིན་པ་དང་དེ་བཞིན་རྒྱལ་ཁབ་ཀྱིས་བོད་ཀྱི་སྨན་བཅོས་འཕྲོད་བསྟེན་བྱ་གཞག་ལ་རོགས་སྐྱོར་ཤུགས་ཆེན་གནང་བ་དང་བསྟུན་ནས་སྔོན་ཆད་ཀྱི་ཞིང་བྲན་ཁྲི་ཚོ་བརྒྱར་ཕན་པ་ཐོབ་པའི་དེང་རབས་སྨན་བཅོས་འཕྲོད་བསྟེན་གྱི་མ་ལག་རིམ་བཞིན་བཙུགས་པ་དང་འཐུས་སྒོ་ཚང་དུ་ཕྱིན་ཡོད།
         ད་ཆ་བོད་ཀྱི་རྫོང་ཚང་མར་འཕྲོད་བསྟེན་ཞབས་ཞུའི་ལྟེ་གནས་ཡོད་པ་དང་། ཤང་ཚང་མར་འཕྲོད་བསྟེན་ཁང་ཡོད་པ། གྲོང་ཚོ་ཚང་མར་འཕྲོད་བསྟེན་སུའོ་ཡོད་པ། རྫོང་དང་ཤང་གི་སྨན་བཅོས་སྒྲིག་གཞི་ཚང་མར་མྱུར་སྐྱོབ་རླངས་འཁོར་དང་སྐོར་སྐྱོད་ཞབས་ཞུའི་རླངས་འཁོར་ཡོད་པ། སྲིད་འཛིན་གྲོང་ཚོ་ཚང་མར་སྨན་པ་2ཡོད་པ་བཅས་མངོན་འགྱུར་བྱུང་སྟབས་རྒྱུན་ཐོན་ནད་དང་ཕོག་སླའི་ནད་ཁག་གཅིག་ས་ཆ་དེ་རང་ནས་སྨན་བཅོས་བྱེད་ཐུབ། མི་དམངས་མང་ཚོགས་ཀྱི་བདེ་ཐང་ལ་གནོད་འཚེ་ཚབས་ཆེན་བཟོ་བའི་རིམས་ནད་དང་ཡུལ་ནད་ཚོད་འཛིན་ནུས་ལྡན་ཐུབ་པ་དང་། བོད་ལུགས་གསོ་རིག་དང་། ཕྱི་ལུགས་གསོ་རིག ཀྲུང་ལུགས་གསོ་རིག་བཅས་ཟུང་དུ་འབྲེལ་བའི་སྤྱི་པའི་སྨན་བཅོས་འཕྲོད་བསྟེན་ཞབས་ཞུའི་མ་ལག་རྒྱུན་ཆད་མེད་པར་འཐུས་སྒོ་ཚང་དུ་ཕྱིན་ནས་འཕྲོད་བསྟེན་སྒྲིག་གཞི་1463ཟིན་ཏེ་བོད་སྨན་སྲུང་སྐྱོང་དང་། རྒྱུན་འཛིན། འཕེལ་རྒྱས་བཅས་ནུས་ལྡན་ཐུབ་ཡོད།
         2012ལོར་བོད་རང་སྐྱོང་ལྗོངས་སྲིད་གཞུང་གིས་ཞིང་འབྲོག་ཁུལ་གྱི་སྨན་བཅོས་དོ་དམ་བྱེད་ཐབས་བཟོ་བཅོས་བརྒྱབ་ནས་ཁྱབ་བསྒྲགས་བྱས་པ་དང་ཞིང་འབྲོག་པའི་སྨན་བཅོས་ཁ་གསབ་ཚད་གཞི་ལོར་མི་རེར་ཆ་སྙོམས་སྒོར་420དང་ཞིང་འབྲོག་ཁུལ་གྱི་སྨན་བཅོས་ལམ་ལུགས་རྫོང་དང་ཤང་དུ་རྦད་དེ་ཁྱབ་ཡོད། སྨན་ཡོན་མི་དགོས་པའི་སྨན་བཅོས་རྨང་གཞིར་བྱས་པའི་ཞིང་འབྲོག་ཁུལ་གྱི་སྨན་བཅོས་ལམ་ལུགས་ལས་མང་ཚོགས་ཚང་མར་ཕན་པ་ཐོབ་སྟེ་རྒྱལ་ཡོངས་སུ་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་སྨན་ཡོན་མི་དགོས་པའི་བདེ་ཐང་གཟུགས་གཞི་བརྟག་དཔྱད་སྔོན་དུ་བྱས་ནས་བདེ་ཐང་ཡིག་ཚགས་བཟོ་ཚད་98.9%ཟིན་ཡོད།
         བསྡོམས་རྩིས་གྲངས་གཞི་ལས། བོད་ཀྱི་མི་རེའི་ཆ་སྙོམས་ཚེ་ཚད་དེ་སྔའི་ལོ་35.5ནས་ད་ཆའི་ལོ་68.2བར་མཐོ་རུ་ཕྱིན་པ་དང་མི་འབོར་དེ་སྔའི་ཁྲི་114ནས་ཁྲི་317བར་མང་དུ་ཕྱིན་པ་མངོན་ཡོད།
         སློབ་གྲྭར་ཞུགས་ཚད་2%ནས་99%བར་མཐོ་རུ་ཕྱིན་ནས་སློབ་གསོ་སྔོན་ཆད་ལྟར་མི་ཉུང་ཤས་ཤིག་གི་དམིགས་བསལ་དབང་ཆ་མིན་པ།
         “སློབ་གྲྭའི་ཁ་ལག་ཞིམ་པ་མ་ཟད་ཉལ་ཁང་ཡང་སྐྱིད་སྣང་དོད་པ་དང་ཉིན་ལྟར་ད་དུང་འོ་མ་འཐུང་རྒྱུ་ཡོད། འདི་གའི་རྒན་ལགས་ཀྱིས་ང་ཚོར་ཕ་མ་ལྟར་བྱམས་སྐྱོང་གནང་གི་འདུག”ཅེས་ནག་ཆུ་ས་ཁུལ་དཔལ་མགོན་རྫོང་ཀྲུང་གོ་རྡོ་སྣུམ་རྫས་འགྱུར་བཟོ་ལས་སློབ་ཆུང་གི་ལོ་རིམ་གསུམ་པའི་སློབ་མ་རྣམ་རྡོར་གྱིས་དགའ་ཚོར་ཆེན་པོས་བཤད།
         བོད་རྙིང་པའི་སློབ་གསོའི་དབང་ཆ་དེ་སེར་མོ་བ་དང་ཞིང་བྲན་བདག་པོས་ཚོད་འཛིན་བྱེད་པ་དང་ཧ་ཅང་ནན་པའི་རིམ་དབྱེའི་ལམ་ལུགས་བཟོས་ཡོད། མགར་བ་དང་ཤན་པ་སོགས་ཀྱི་བུ་ཕྲུག་སློབ་གྲྭར་འཇུག་གི་མེད། སྤྱི་ཚོགས་ཀྱི་དམའ་རིམ་མང་ཚོགས་ཀྱི་བུ་ཕྲུག་སྟེས་དབང་གིས་སློབ་གྲྭར་བསྐྱོད་རྒྱུ་བྱུང་རུང་སེར་མོ་བ་དང་སྐུ་དྲག་གི་བུ་ཕྲུག་དང་མཉམ་དུ་སྡོད་དབང་མེད། བོད་རྙིང་པར་བྱིས་པ་སློབ་གྲྭར་ཞུགས་ཚད་2%ཀྱང་མི་ཟིན་པ་དང་ཡིག་རྨོངས་བ་95%ཙམ་ཟིན་གྱི་ཡོད།
         དམངས་གཙོའི་བཅོས་སྒྱུར་རྗེས་ཀྱི་བོད་དུ་ཅུང་འཐུས་སྒོ་ཚང་བའི་སློབ་གསོའི་མ་ལག་དང་རིགས་ཁག་རིམ་གྱིས་བཙུགས་ཤིང་། བསྡོམས་རྩིས་གྲངས་གཞི་གསར་ཤོས་ལས་མངོན་དོན། 2016ལོ་དང་2017ལོའི་སློབ་ལོར་བོད་དུ་རིམ་པ་ཁག་དང་རིགས་ཁག་གི་སློབ་གྲྭ་ཁྱོན་1984དང་སློབ་ཁྲིད་ས་ཚིགས་191ཡོད། ལྗོངས་ནང་ཁུལ་དུ་སློབ་གྲྭ་འགྲིམ་མཁན་སློབ་མ་ཁྲི་63ལྷག་ཙམ་ཟིན་ཞིང་། སློབ་ཆུང་ཁོ་ནར་སློབ་མ་སློབ་གྲྭར་ཞུགས་ཚད་99.16%དང་མཐོ་རིམ་སློབ་གསོའི་ན་འདྲེས་སློབ་གྲྭར་སློབ་མ་ཞུགས་ཚད་30.26%ཟིན་ཡོད།
         བོད་ལྗོངས་དང་ནང་སའི་དབར་སློབ་གསོའི་ཐད་ཕན་ཚུན་སྦྲེལ་མཐུད་བྱུང་ཡོད། རྒྱལ་ཡོངས་ཀྱི་ཞིང་ཆེན་དང་ཐད་སྐྱོང་གྲོང་ཁྱེར་20ཡི་སློབ་གྲྭ་26དུ་ནང་སའི་བོད་ལྗོངས་དམའ་རིམ་དང་མཐོ་རིམ་སློབ་འབྲིང་གི་འཛིན་གྲྭ(སློབ་གྲྭ)གཉེར་བ་དང་། གཙོ་གནད་མཐོ་རིམ་སློབ་འབྲིང་60ཡིས་ཐེམ་ཁུངས་བོད་ནས་ཡིན་པའི་སློབ་མ་བསྡུས་པ། རྒྱལ་ཁབ་རིམ་པའི་དཔེ་སྟོན་འབྲིང་རིམ་ལས་རིགས་ལག་རྩལ་སློབ་གྲྭ་48དང་མཐོ་རིམ་སློབ་གྲྭ་170ཡིས་བོད་ལྗོངས་འཛིན་གྲྭའི་སློབ་མ་བསྡུས་ཡོད།
         ལོ་དེ་དག་རིང་། བོད་ཀྱིས་སློབ་གསོའི་དབུལ་སྐྱོར་ལ་སྐུལ་འདེད་ཤུགས་ཆེན་བཏང་ཞིང་། ཞག་སྡོད་སློབ་མའི་འགྲིམ་འགྲུལ་ཁ་གསབ་དང་། མཐོ་རིམ་སློབ་འབྲིང་གི་སློབ་ཡོན་མི་དགོས་པའི་སློབ་གསོ། གྲོང་ཁྱེར་དང་གྲོང་རྡལ་གྱི་སློབ་ཞུགས་གོང་གི་སློབ་ཡོན་མི་དགོས་པའི་སློབ་གསོ། སློབ་ཆེན་སློབ་མའི་རོགས་དངུལ་སོགས་ཐད་མ་དངུལ་དོན་ཐོག་ཏུ་འཁྱོལ་བ་བྱས་ནས་སློབ་གསོའི་དམངས་ཕན་སྲིད་ཇུས་དོན་ཐོག་ཏུ་འཁྱོལ་བ་བྱས་པ་རེད། སློབ་མ་དབུལ་པོ་སྔར་བས་མང་བ་ཞིག་སློབ་ཆེན་དུ་རྒྱུགས་འཕྲོད་ནས་མཐོ་རིམ་སློབ་གསོ་དང་ལེན་བྱེད་བཞིན་མཆིས།
         དབུལ་ཕོངས་ནས་འབྱོར་ཕྱུག་ཕྱོགས་སུ་བསྐྱོད་དེ་མཐར“དབུལ་པོའི་རྩ་བ”དྲུངས་ནས་འབྱིན་པ།
         ན་ནིང་ལོ་མཇུག་ཏུ་བོད་ཀྱི་ཞིང་འབྲོག་པ་མི་རེའི་ཆ་སྙོམས་ཡོང་འབབ་སྒོར་9316ཟིན་ནས་རྒྱལ་ཡོངས་ཀྱི་ཆ་སྙོམས་ཆུ་ཚད་དང་ཧ་ལམ་གཅིག་མཚུངས་སུ་སླེབས་ཡོད། ས་གཙང་བདེ་ཐང་ཐོན་ལས་དང་། ཡུལ་སྐོར་ལས་རིགས། གཏེར་ཆུའི་ཐོན་ལས་སོགས་ནི་ས་གནས་ཀྱི་ཁྱད་ཆོས་ལྡན་པའི་ལེགས་ཆའི་ཐོན་ལས་ཤིག་ཡིན་པས་བོད་ཀྱི་ཞིང་འབྲོག་པ་འབབ་འཕར་ཕྱུག་འགྱུར་ཡོང་བའི་ཐབས་ལམ་གལ་ཆེན་ཞིག་ཏུ་འགྱུར་བཞིན་མཆིས། ཞིང་འབྲོག་པའི་ཡོང་འབབ་ལོ་14བསྟུད་མར་གྲངས་གནས་གཉིས་འཕར་རྒྱུ་རྒྱུན་འཁྱོངས་བྱུང་བ་དང་ལོ་བསྟུད་མར་སྐས་རིམ་གསར་པ་ཞིག་ཏུ་སླེབས་ཡོད།
         1965ལོ་ནས་2016ལོའི་བར་བོད་ཀྱི་སྤྱི་ཚོགས་ཧྲིལ་པོའི་གཏན་འཇགས་རྒྱུ་ནོར་ལ་མ་དངུལ་གཏོང་ཚད་སྒོར་དུང་ཕྱུར་9000ཙམ་ཟིན་ཡོད། ཕྱིས་སུ་བོད་ཀྱིས་མུ་མཐུད་དམངས་འཚོ་ལེགས་གཏོང་དང་མི་སེམས་གཅིག་སྒྲིལ་བྱ་རྒྱུ་དེ་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་འགོ་འཛུགས་ས་དང་དོན་ལ་འབབ་སར་བརྩིས་ནས་ལོ་ལྟར་བཅུ་ཆ་བདུན་ཡན་གྱི་མ་དངུལ་དམངས་འཚོར་བཏང་སྟེ་ལོ་བཞིའི་ནང་ལྡབ་གཅིག་འཕར་བ་བྱས་པས་མཉམ་གཏོད་མཉམ་རོལ་གྱི་འཕེལ་རྒྱས་ཁྲོད་ བོད་ཀྱི་མི་དམངས་ལ་ཐོབ་ཚོར་སྔར་བས་མང་བ་བྱུང་ཡོད།
         བོད་ཀྱི་དབུལ་སྒྲོལ་འགག་སྒྲོལ་རིང་དཀའ་ངལ་ཆེ་ཤོས་ཀྱི་ལས་དོན་ནི་ཡུལ་གཞན་དུ་གནས་སྤོའི་དབུལ་སྐྱོར་བྱ་རྒྱུ་དེ་ཡིན་ཞིང་། དེས་ན་བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་ཀྲུའུ་ཞི་ཆེ་དགྲ་ལྷས་བོད་ཀྱི་ས་ཁུལ་ཁག་གཅིག་གི་རང་བྱུང་ཆ་རྐྱེན་དང་ཐོན་སྐྱེད་ཆ་རྐྱེན་ཞན་པས་ཡུལ་ཕྱོགས་གཅིག་གིས་ཡུལ་དེའི་མི་གསོ་ཐུབ་ཀྱི་མེད་སྟབས“གནས་སྤོ་བ”དང“ལས་རིགས་བརྗེས”ཚེ་གཞི་ནས“དབུལ་པོའི་རྩ་བ”དྲུངས་ནས་འབྱིན་ཐུབ། འདི་ནི་ཧ་ཅང་དཀའ་ཚེགས་ཆེ་བའི་ལས་འགན་ཞིག་རེད་ཅེས་གསུངས། ཁོང་གིས་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐུགས་ཁུར་དང་རྒྱབ་སྐྱོར་དང་རྒྱལ་ཡོངས་མི་དམངས་ཀྱི་རོགས་རམ་འོག་བོད་རང་སྐྱོང་ལྗོངས་ལ་དཀའ་ཚེགས་ཆེ་བའི་ལས་འགན་ལེགས་སྒྲུབ་བྱ་རྒྱུའི་ཡིད་ཆེས་དང་ནུས་པ་ཡོད་ཅེས་གསུངས།
      

    ཕྱོགས་བསྡུས་གསར་འགྱུར།