འཚོལ་བཤེར།   
藏文频道
2016ལོའི་ཟླ་6ཚེས་29ཉིན།
  • མི་དམངས་དྲ་བ།

    ༄༅།།མཚོ་བོད་ལྕགས་ལམ་གྱིས་རང་རྒྱལ་གྱི“ནོར་གཞོང”ཐོན་ཁུངས་ཀྱི་མི་མངོན་པའི་
    ནུས་པ་འདོན་སྤེལ་གང་ལེགས་བྱས་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 06ཚེས་29ཉིན། 09:23】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། “བྲེལ་བ་ཆེ་ཤོས་སྐབས་ང་ཚོས་ཉིན་གཅིག་ལ་རླངས་འཁོར་100ལྷག་ཙམ་ནང་ཚྭ་བླུག་དགོས་ཀྱི་ཡོད” མེ་འཁོར་སྐྱེལ་འདྲེན་གྱི་སྟབས་བདེ་ལས་ཁེ་ལས་མགྱོགས་མྱུར་འཕེལ་རྒྱས་སོང་ནས་མིག་སྔར་ཁེ་ལས་ཀྱི་ཚྭ་ལོར་ཐོན་འབོར་ཏུན་ཁྲི་150ལྷག་ཙམ་ཟིན་གྱི་ཡོད་ཅེས་ཀྲུང་གོ་ཚྭ་ལས་མཚོ་སྔོན་ཁུན་ལུན་ཚྭ་ལས་ཚད་ཡོད་ཀུང་སིའི་མཛོད་འཇུག་པན་ཁ་པའི་པན་ཀྲང་སུན་ཧྲེང་ཝེ་ཡིས་བཤད།
         ཚྭ་འདམ་གཤོང་ས་འིའཁོར་སྐྱོད་དཔལ་འབྱོར་ཚོད་ལྟ་ཁུལ་དུ་ཡོད་པའི་གཏེར་ལེན་ཁ་བཟོ་ལས་གླིང་གིས“ཀྲུང་གོའི་ཚྭ་གྲོང”སྐྲུན་བཞིན་ཡོད་པ་དང་མིག་སྔར་ཚྭའི་ཁེ་ལས་ཆེ་གྲས་ཁག་གཅིག་གི་ཐོན་ནུས་ཏུན་ཁྲི་400ཙམ་ཟིན་གྱི་ཡོད། མཚོ་བོད་ལྕགས་ལམ་ལ་བརྟེན་ནས་ཚྭ་དེ་དག་ཡུལ་གཞན་ལ་ཕྱིར་ཚོང་བྱེད་ཀྱི་ཡོད།
         རྒྱ་ཁྱོན་སྤྱི་ལེ་ངོས་གྲུ་ཁྲི་25ཙམ་ཡོད་པའི་ཚྭ་འདམ་གཤོང་ས་ཁུལ་དུ་མང་ཆེ་བ་ནི་ཚྭ་འདམ་དང་གྲམ་ཐང་སོགས་གསར་སྤེལ་བེད་སྤྱོད་བྱས་མེད་པའི་ས་ཆ་ཡིན་པ་དང་དེར་མཚོ་སྔོན་གྱི་ཚྭ་མཚེའུ་དང་། རྡོ་སོལ། སྣུམ་རླངས། མདོག་ལྡན་ལྕགས་རིགས་སོགས་གཏེར་ཐོན་ཐོན་ཁུངས་ཚང་མ་ཡོད་པས་རང་རྒྱལ་གྱི“ནོར་གཞོང”ཞེས་བརྗོད་ཀྱི་ཡོད།
         མཚོ་སྔོན་ཞིང་ཆེན་ཚྭ་འདམ་གཤོང་ས་དཔལ་འབྱོར་འཁོར་སྐྱོད་ཚོད་ལྟ་ཁུལ་དེ་ཉིད་2005ལོའི་ཟླ་10པར་ཁག་དང་པོའི་རྒྱལ་ཁབ་རིམ་པའི་འཁོར་སྐྱོད་དཔལ་འབྱོར་ཚོད་ལྟ་ཁུལ་13གྱི་གྲས་སུ་བཅུག་རྗེས་2010ལོའི་ཟླ་3པར་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་《མཚོ་སྔོན་ཞིང་ཆེན་ཚྭ་འདམ་གཤོང་སའི་འཁོར་སྐྱོད་དཔལ་འབྱོར་ཚོད་ལྟ་ཁུལ་གྱི་སྤྱིའི་འཆར་འགོད་》ལ་མཆན་འགོད་ལག་ལེན་བསྟར་ནས་ཚྭ་འདམ་གཤོང་སའི་འཁོར་སྐྱོད་དཔལ་འབྱོར་འཕེལ་རྒྱས་གཏོང་རྒྱུ་དེ་རྒྱལ་ཁབ་ཀྱི་འཐབ་ཇུས་སུ་རིམ་སྤོར་བྱས་པ་རེད།
         མཚོ་བོད་ལྕགས་ལམ་སྣུར་སྲིང་དང་སྒྱུར་བཀོད་བྱས་པ་ལས་ཚྭ་འདམ་གཤོང་སའི་ཐོན་ཁུངས་འབེལ་བའི་ས་ཁུལ་དང་ཕྱི་རོལ་ཁྲོམ་ར་འབྲེལ་མཐུད་ཐུབ་པ་དང་། ཡུལ་དེ་དང་ནང་སའི་རྒྱ་མཚོའི་རྒྱུད་ཀྱི་ས་གནས་དབར་གྱི་བར་ཐག་ཉེ་རུ་ཕྱིན་པ། ཕྱི་ཕྱོགས་སུ་རྒྱལ་སྒོ་ཕྱེ་བ། ལམ་ཐིག་རྒྱུད་ཀྱི་གྲོང་ཁྱེར་འཕེལ་རྒྱས་འགྲོ་མགྱོགས་སུ་དང་ཐོན་ཁུངས་འབེལ་བའི་ས་ཁུལ་གསར་སྤེལ་བྱེད་མགྱོགས་སུ་ཕྱིན་ཡོད། “ལོ་ལྔ་ཚན་བཅུ་གཉིས་པའི”རིང་ཚྭ་འདམ་གཤོང་སའི་འཁོར་སྐྱོད་དཔལ་འབྱོར་ཚོད་ལྟ་ཁུལ་གྱི་བཟོ་ལས་ཐད་མ་དངུལ་སྒོར་དུང་ཕྱུར་1500ཙམ་བཏང་བ་རེད།
         “ཚྭ་འདམ་གཤོང་སར་ཚྭ་མཚེའུ་རྫས་འགྱུར་བཟོ་ལས་དང་། སྣུམ་རླངས་རྫས་འགྱུར་བཟོ་ལས། རྡོ་སོལ་རྫས་འགྱུར་བཟོ་ལས། ལྕགས་རིགས་བཙོ་སྦྱངས། ཁྱད་ལྡན་སྐྱེ་དངོས་ཐོན་ལས་དང་ནུས་རྒྱུ་གསར་པ་སོགས་གཙོ་གཟུགས་སུ་བྱས་པའི་འཁོར་སྐྱོད་དཔལ་འབྱོར་ཐོན་ལས་འབྲེལ་ཐག་དང་གཙོ་ཁྲིད་ཐོན་ལས་ཚོགས་སྤྱིའི་སྒྲོམ་གཞི་རགས་ཙམ་གྲུབ་ཡོད”མིག་སྔར། ཚྭ་འདམ་གཤོང་སའི་འཁོར་སྐྱོད་དཔལ་འབྱོར་ཚོད་ལྟ་ཁུལ་དུ་ཁེ་ལས་487ཡོད་པར་བཟོ་ལས་ཀྱི་གནས་ཐང་འཕར་མས་མཚོ་སྔོན་ཞིང་ཆེན་དེ་ཡོངས་ཀྱི་བཅུ་ཆ་བཞི་ཡན་བཟུང་ཡོད་ཅེས་ཚྭ་འདམ་གཤོང་སའི་འཁོར་སྐྱོད་དཔལ་འབྱོར་ཚོད་ལྟ་ཁུལ་དོ་དམ་ཨུ་ལྷན་ཐོན་ལས་འཕེལ་རྒྱས་པུའི་ཁོའོ་ཀྲང་གཞོན་པ་ཙོའུ་ཞུང་གིས་དེ་ལྟར་ངོ་སྤྲོད་བྱས།
         མཚོ་བོད་ལྕགས་ལམ་ཀུང་སི་འཆར་གཞི་བསྡོམས་རྩིས་པུའི་པུའུ་ཀྲང་དབྱང་ཧའེ་ཅང་གིས་མཚོ་བོད་ལྕགས་ལམ་ལ་བརྟེན་ནས་ཚྭ་འདམ་གཤོང་སར་མིག་སྔར། ཡུལ་མང་པོ་ཞིག་ཏུ་སྐྱོད་པའི་ལྕགས་ལམ་ཤར་གཏོང་ཐུབ་ཡོད། གོར་མོ་ནས་ཏུན་ཧོང་བར་གྱི་ལྕགས་ལམ་གྱི་མཚོ་སྔོན་ལམ་དུམ་བུའི་ཆ་ཤས་ཤིག་ཤར་གཏོང་ཐུབ་པ་དང་དུས་མཚུངས་གོར་མོ་ནས་ཁུའར་ལེ་བར་གྱི་ལྕགས་ལམ་སྐྲུན་བཞིན་ཡོད། ལྕགས་ལམ་འཕེལ་རྒྱས་འཆར་འགོད་ལ་གཞིགས་ན། “ལོ་ལྔ་ཚན་བཅུ་གསུམ་པའི”རིང་གོར་མོ་ནས་ཁྲེང་ཏུའུ་བར་གྱི་ལྕགས་ལམ་སྐྲུན་རྒྱུ་རེད་ཅེས་ངོ་སྤྲོད་བྱས།
         “ཉིན་རེ་ལས་མ་འདས་པར་འཐུས་ཚང་དུ་འགྲོ་བའི་ལྕགས་ལམ་སྐྱེལ་འདྲེན་དྲ་རྒྱ་ལས་ཚྭ་འདམ་གཤོང་སའི་འཁོར་སྐྱོད་དཔལ་འབྱོར་ཚོད་ལྟ་ཁུལ་འཕེལ་རྒྱས་འགྲོ་རྒྱུར་སྐྱེལ་འདྲེན་གྱི་འདེགས་སྐྱོར་ནུས་ལྡན་མཁོ་འདོན་བྱས་ཡོད”འབྱུང་འགྱུར་ལོ་ལྔའི་ནང་དེར་སྒོར་དུང་ཕྱུར་ཆིག་སྟོང་ཟིན་པའི་རྟེན་གཞི་2དང་སྒོར་དུང་ཕྱུར་500ཟིན་པའི་ཐོན་ལས་རྟེན་གཞི་4བསྐྲུན་རྒྱུ་རེད་ཅེས་ཙོའུ་ཞུང་གིས་བཤད།
      

    ཕྱོགས་བསྡུས་གསར་འགྱུར།