འཚོལ་བཤེར།   
藏文频道
2016ལོའི་ཟླ་1ཚེས་5ཉིན།
  • མི་དམངས་དྲ་བ།

    ༄༅།།མཚོ་སྔོན་ཞིབ་དཔྱོད་ལས་ཁུངས་ཀྱིས་ཐེར་འདོན་གོང་ཞུ་བྱེད་མཁན་ལ་སྲུང་སྐྱོབ་དང་
    བྱ་དགའ་སྤྲོད་རྒྱུའི་སྐོར་གྱི་གནས་སྐབས་ལག་བསྟར་བྱ་ཐབས་བཏོན་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 01ཚེས་05ཉིན། 11:16】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། གསར་འགོད་པས་མཚོ་སྔོན་ཞིང་ཆེན་ཞིབ་དཔྱོད་ཁང་གིས་འཚོགས་པའི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་ཐོག་ནས་ཤེས་རྟོགས་བྱུང་བ་ལྟར་ན། མཚོ་སྔོན་ཞིང་ཆེན་ཞིབ་དཔྱོད་ལས་ཁུངས་ཀྱིས་《མཚོ་སྔོན་ཞིང་ཆེན་ཞིབ་དཔྱོད་ལས་ཁུངས་ཀྱི་ཐེར་འདོན་གོང་ཞུ་བྱེད་མཁན་ལ་སྲུང་སྐྱོབ་དང་བྱ་དགའ་སྤྲོད་རྒྱུའི་སྐོར་གྱི་གནས་སྐབས་ལག་བསྟར་བྱ་ཐབས་》(གཤམ་དུ་བསྡུས་མིང་ལ་《གནས་སྐབས་ལག་བསྟར་བྱ་ཐབས་》ཞེས་བརྗོད་རྒྱུ)བཏོན་པ་དང་། 《གནས་སྐབས་ལག་བསྟར་བྱ་ཐབས་》དེར་ཁྱོན་ལེའུ་གསུམ་དང་དོན་ཚན་སོ་གསུམ་ཡོད་པ་དེ་2016ལོའི་ཟླ་1ཚེས་1ཉིན་ནས་དངོས་སུ་ལག་བསྟར་བྱས་པ་རེད།
         《གནས་སྐབས་ལག་བསྟར་བྱ་ཐབས་》ནང་ཞིབ་དཔྱོད་ལས་ཁུངས་ཀྱིས་སྤྱི་དམངས་ཀྱིས་རྒྱལ་ཁབ་ཀྱི་ལས་དོན་པའམ་ཡང་ན་ཚན་པས་ལྐོག་ཟ་ལྐོག་རྔན་སྤྲོད་ལེན་བྱས་པ་དང་། རྒྱལ་ཁབ་ཀྱི་ལས་དོན་པས་འགན་འཛོལ་ཤོར་བ། རྒྱལ་ཁབ་ལས་ཁུངས་ཀྱི་ལས་དོན་པས་དབང་ཆ་སྤྱད་དེ་ཁྲིམས་འགལ་ངང་བཀག་ཉར་དང་ཚ་འདྲི་ཚ་ལེན་བྱེད་པ་སོགས་སྤྱི་དམངས་ཀྱི་དབང་ཆར་གནོད་འཚེ་གཏོང་བ་དང་། དམངས་གཙོའི་ཁེ་དབང་གི་ཉེས་གསོག་བྱེད་སྤྱོད་བཅས་ཁྲིམས་ལྟར་ཐེར་འདོན་གོང་ཞུ་བྱེད་པར་སྲུང་སྐྱོབ་བྱ་རྒྱུ་ཡིན་པའི་གཏན་འབེབས་བྱས་ཡོད།
         《གནས་སྐབས་ལག་བསྟར་བྱ་ཐབས་》ནང་ད་དུང་ཐེར་འདོན་གོང་ཞུ་བྱེད་མཁན་ལ་བྱ་དགའ་སྤྲོད་རྒྱུ་དེ་བསམ་པའི་བྱ་དགའ་དང་དངོས་པོའི་བྱ་དགའ་ཕན་ཚུན་ཟུང་འབྲེལ་དང་ཐེར་འདོན་གོང་ཞུ་བྱེད་མཁན་གྱི་འདོད་མོས་ལ་བརྩི་འཇོག་བྱེད་པའི་རྩ་དོན་གཞིར་བཟུང་། སྤྱི་དམངས་ཀྱིས་མིང་བཀོད་དེ་ཞིབ་དཔྱོད་ལས་ཁུངས་ལ་ལས་ཐོག་ཉེས་གསོག་གི་ཁུངས་སྣེ་ཐེར་འདོན་གོང་ཞུ་བྱེད་པ་དེ་བདེན་དཔང་ར་སྤྲོད་བྱུང་རྗེས་སྤྱི་དམངས་དེ་ཐེར་འདོན་གོང་ཞུ་བྱེད་པར་བྱས་རྗེས་ཡོད་པའི་མི་སྣར་གཏན་འཁེལ་བྱས་ཏེ་བྱ་ཐབས་འདི་བརྒྱུད་བྱ་དགའ་སྤྲོད་དགོས་ངེས་ཡིན་པ་དང་། དྲ་བ་སོགས་བྱ་ཐབས་གཞན་བརྒྱུད་མིང་མ་བཀོད་པརཐེར་འདོན་གོང་ཞུ་བྱས་པར་བྱ་དགའ་མི་སྤྲོད་རྒྱུའི་གཏན་འབེབས་བྱས་པ་དང་བྱ་ཐབས་ནང་ད་དུང་བྱ་དགའི་དངུལ་གྲངས་གཏན་འཁེལ་བྱས་ཡོད།
         ཐེར་འདོན་གོང་ཞུ་བྱེད་མཁན་གྱིས་དོན་དངོས་རྫུན་བཟོ་དང་བདེན་དཔང་རྫུན་བཟོ་བྱས་ཏེ་བསྙོན་འཛུགས་ཞུ་སྦྱོར་དང་མ་ཉེས་ཁ་གཡོགས་བྱས་པར་ཁྲིམས་ལྟར་དེའི་ཉེས་དོན་འགན་འཁྲི་བདའ་འདེད་གཏོང་དགོས་རུང་། དོན་དངོས་ཤེས་རྟོགས་གསལ་པོ་མ་བྱུང་བར་ཐོན་པའི་ཞུ་གཏུག་བྱེད་ནོར་སོང་བ་དང་ཞུ་འཛོལ་ཤོར་བ་དེའི་ཁོངས་སུ་མི་གཏོགས། ཞིབ་དཔྱོད་ལས་ཁུངས་ཀྱི་ལས་དོན་པས་གཏན་འབེབས་དེ་ལས་བརྒལ་ཚེ་《ཞིབ་དཔྱོད་མི་སྣའི་སྒྲིག་ཁྲིམས་ཆད་གཅོད་སྲོལ་ཡིག་》སོགས་གཏན་འབེབས་གཞིར་བཟུང་ཞིབ་དཔྱོད་ཁང་གི་སྒྲིག་ཁྲིམས་ཞིབ་བཤེར་དང་ལྟ་ཞིབ་སྡེ་ཚན་ལ་ཞིབ་བཤེར་ཐག་གཅོད་བྱ་རྒྱུར་ཕུལ་ནས་ཉེས་གསོག་གི་ཁོངས་སུ་གཏོགས་ཚེ་ཁྲིམས་ལྟར་ཉེས་དོན་འགན་འཁྲི་བདའ་འདེད་གཏོང་རྒྱུ་རེད།
      

    ཕྱོགས་བསྡུས་གསར་འགྱུར།