འཚོལ་བཤེར།   
藏文频道
2015ལོའི་ཟླ་7ཚེས་9ཉིན།
  • མི་དམངས་དྲ་བ།

    ༄༅།།འཛམ་གླིང་ཡང་རྩེར་ཏང་དར་ལྷབ་ལྷུབ་གཡོ།

    —— “4·25”ཡོམ་འགོག་གེགས་སེལ་ནང་གི་གཞི་རིམ་ཏང་རྩ་འཛུགས་ཀྱི་སྐོར་བཀོད་པ།

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 07ཚེས་08ཉིན། 09:36】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
    སྐྱིད་གྲོང་མཐའ་སྲུང་ཞིབ་བཤེར་ས་ཚིགས་ལྟ་སྲུང་རུ་འབྲིང་གི་སློབ་སྟོན་པ་ཞུང་དབྱིང་ཅེས“སྐྱིད་གྲོང་མཐའ་སྲུང་ཞིབ་བཤེར་ས་ཚིགས”ཀྱི་དར་དམར་སྐྱིད་གྲོང་མཐའ་སྲུང་ཞིབ་བཤེར་ས་ཚིགས་ཀྱི་ཆབ་སྲིད་ཨུ་ཡོན་ཀརྨ་བསྟན་འཛིན་གྱི་ལག་ཏུ་རྩིས་སྤྲོད་པ།
    སྐྱིད་གྲོང་མཐའ་སྲུང་ཞིབ་བཤེར་ས་ཚིགས་ལྟ་སྲུང་རུ་འབྲིང་གི་སློབ་སྟོན་པ་ཞུང་དབྱིང་ཅེས“སྐྱིད་གྲོང་མཐའ་སྲུང་ཞིབ་བཤེར་ས་ཚིགས”ཀྱི་དར་དམར་སྐྱིད་གྲོང་མཐའ་སྲུང་ཞིབ་བཤེར་ས་ཚིགས་ཀྱི་ཆབ་སྲིད་ཨུ་ཡོན་ཀརྨ་བསྟན་འཛིན་གྱི་ལག་ཏུ་རྩིས་སྤྲོད་པ།
         ཟླ་4ཚེས་25ཉིན་བོད་ཀྱི་ལྷོ་རྒྱུད་ཧི་མ་ལ་ཡའི་རི་ཁུལ་དུ་བརྒྱབ་པའི་ས་ཡོམ་གྱིས་གཞི་རིམ་ཏང་རྩ་འཛུགས་ཀྱི་འཐབ་ནུས་ལ་ཚོད་བགམ་ཐེག་སྟེ་རྦབ་རྡོ་ཉིལ་བའི་ཉེན་ཁ་དང་ཉེན་ཁ་ཆེ་བའི་ཞིག་རོའི་ནང་གཞི་རིམ་ཏང་ཀྲི་པུས་འཐབ་ས་དང་པོ་བརྟན་པོར་བསྲུངས་ནས་གུང་ཁྲན་ཏང་ཡོན་གྱི་འོས་འགན་སྒྲུབ་སེམས་དང་གཟི་བརྗིད་མཚན་སྙན་གྱི་བསམ་པའི་ཐོག་ནས་ཉེན་སེལ་ནང་ཞུགས་ཏེ་ཏང་དར་འཛམ་གླིང་ཡང་རྩེར་ལྷབ་ལྷུབ་ཏུ་གཡོ་བར་བྱས།
         ཏང་དར་ལྷབ་ལྷུབ་ཏུ་གཡོ།
         ཏང་རྩ་འཛུགས་ནི་མི་ནུབ་པའི་དམག་འཐབ་མཁར་རྫོང་ཡིན།
         “གནོད་འཚེའི་གནས་ཚུལ་ནི་བཀའ་རྒྱ་ཡིན”ས་ཡོམ་རྒྱག་སྐབས་འཐབ་ས་མདུན་མར་གནས་པའི་རྫོང་དང་། ཤང་། གྲོང་ཚོ་བཅས་ཀྱི་གཞི་རིམ་ཏང་རྩ་འཛུགས་ཀྱིས་རང་འགུལ་ངང་གེགས་འགོག་གེགས་སེལ་གྱི་འགན་ལྕི་པོ་དེ་འཁུར་ནས་ཏང་དར་གྱི་ཁྲིད་སྟོན་འོག་རྒྱ་ཆེའི་ཏང་ཡོན་ཚོས་སྲོག་ཉེན་ལ་མ་འཛེམས་པར་ཡོམ་འགོག་གེགས་སེལ་གྱི་དམག་འཐབ་ནང་ཞུགས།
         ས་ཡོམ་བརྒྱབ་ནས་སྐར་མ་ལྔ་སོང་ཡང་མི་རྣམས་ཀྱི་དངངས་སྐྲག་ད་དུང་འཇགས་མེད་པ་དང་། གནོད་འཚེ་ཕོག་ཆེ་ཤོས་ཡིན་པའི་དིང་རི་རྫོང་རོང་ཤར་ཤང་ཏང་ཨུད་ཀྱི་ཧྲུའུ་ཅི་སྤེན་པས་སེམས་རྣལ་དུ་ཕབ་ནས་ཡོམ་འགོག་གེགས་སེལ་གྱི་ལས་དོན་བཀོད་སྒྲིག་བྱས་པ་དང་། ས་ཡོམ་བརྒྱབ་པའི་ཉིན་ནས་ཉིན་གཉིས་པའི་ཐོ་རེངས་སུ་ཤང་དེ་ཡོངས་ཀྱི་མང་ཚོགས་ཆིག་སྟོང་ལ་ཉེ་བ་དང་། ལས་བྱེད་ལས་བཟོ། བཅའ་སྡོད་དཔུང་སྡེའི་དཔོན་དམག་བཅས་ཚང་མ་བདེ་འཇགས་ཁུལ་དུ་གནས་སྤོ་བྱས་པ་དང་འབྲེལ་གནས་སྐབས་སྡོད་སའི་གུར་ཡང་བརྒྱབ།
         ཚེ་སྲོག་གི་ལམ་གཤོང་ཆེད་རོང་ཤར་ཤང་ཏང་ཨུད་ཀྱིས་ཏང་ཡོན་ལས་བྱེད་པ་དང“གཉིས་ལྡན་དུད་སྦྲེལ”གྱི་སྤྱི་མི་བཀོད་སྒྲིག་བྱས་ཏེ་ལས་གྲྭའི་འཕྲུལ་སྒུལ་འཁོར་ལོ་བཏང་ནས་རྫོང་འགྲིམ་འགྲུལ་སྐྱེལ་འདྲེན་ཅུས་ལ་གཞོགས་འདེགས་ཀྱིས་ལམ་ངོས་ཀྱི་རྦབ་རྡོ་མེད་པ་བཟོས་ཏེ་ལམ་བཤངས་པ་དང་ཆབས་ཅིག་སྡོད་ཁང་གི་ཉེན་ཁ་སེལ་རོགས་དང་ཞོར་སྐྱོན་གྱི་གནོད་འཚེ་མི་ཐོན་པ་བྱས།
         ཉེན་ཁ་དང་དཀའ་ཚེགས་ཇི་ཙམ་ཆེ་ན། དེ་ཙམ་གྱིས་གཞི་རིམ་ཏང་རྩ་འཛུགས་དང་ཁ་འབྲལ་ཐབས་མེད། གཉའ་ལམ་རྫོང་འགྲམ་གྲོང་རྡལ་སྤང་གྲོང་ལྷན་གྱི་ཁང་པ་ཕལ་ཆེ་བ་རྡིབ་ཡོད། ཏང་ཀྲི་པུའི་ཧྲུའུ་ཅི་ཚེ་རིང་བྱམས་ལྡན་གྱིས་རྒྱུགས་ནས་སྐད་ཤུགས་ཆེན་པོས“ཚང་མ་མགྱོགས་པོ་དེ་ནས་སྤོས་ཤིག ཏང་ཡོན་ལས་བྱེད་པ་དེ་གར་སྡོད”ཅེས་བཀའ་བཏང་། ཁོང་གིས་ཏང་ཡོན་སྣེ་ཁྲིད་ནས་དུད་ཚང་རེ་རེ་བྱས་ཏེ་གྲལ་བཤེར་བྱས་ནས་མི་ཚང་མ་བདེ་འཇགས་ངང་ཕྱིར་འཐེན་ཐུབ་པ་བྱས། བཀོད་སྒྲིག་བྱ་ཡུལ་དུ་འབྱོར་རྗེས་ཁོང་གིས་ཡང་ཏང་ཡོན་དང་གཞོན་ནུ་དར་མ་སྒྲིག་འཛུགས་བྱས་ཏེ་གུར་བརྒྱབ་ནས་ཏང་ཡོན་གྱི་འཕྲལ་སྒྲུབ་རུ་ཁག་ལྔ་བཙུགས་ཏེ་སྡོད་བྱ་སྐོར་གཡེང་བྱས་ནས་གཉིད་ཁུག་རྒྱུ་བྱུང་མེད།
         གེགས་འགོག་གེགས་སེལ་གྱི་འཐབ་ས་མདུན་མ་ནི་གཞི་རིམ་ཏང་རྩ་འཛུགས་ཀྱི་འགན་འཁྲིར་ཚོད་བགམ་བྱེད་སའི་འཐབ་ས་ཡིན། ནེ་པ་ལ་དང་ཆུ་བོ་གཅིག་གིས་མཆོད་པའི་སྐྱིད་གྲོང་གྲོང་རྡལ་དུ་ས་ཡོམ་བརྒྱབ་ནས་སྐར་མ་5སོང་རྗེས་བོད་ལྗོངས་སྤྱི་བདེ་མཐའ་སྲུང་སྤྱི་ཁྱབ་རུ་ཁག་སྐྱིད་གྲོང་མཐའ་མཚམས་ཞིབ་བཤེར་ས་ཚིགས་ཏང་ཨུད་ཀྱིས་ཐེ་ཚོམ་སྤུ་ཙམ་ཡང་མེད་པར་བླ་ན་མེད་པའི་འོས་འགན་དེ་འཁུར་ཅིང་། ཆབ་སྲིད་ཨུ་ཡོན་ཀརྨ་བསྟན་འཛིན་གྱིས་དཔོན་དམག་40འཁྲིད་དེ་དུད་ཚང་རེ་རེ་བྱས་ཏེ་འཚོལ་སྐྱོབ་ཀྱི་ལས་དོན་སྤེལ་བར་བརྟེན་སྐྱིད་གྲོང་ས་ཡོམ་ཁུལ་གྱི་དཔུང་སྡེའི་རོགས་སྐྱོབ་སྟོབས་ཤུགས་དང་པོ་དེར་གྱུར། སྐབས་དེ་དུས་ཡོམ་འཕྲོ་ཡང་ཡང་རྒྱག་པ་དང་གློག་ཤིང་ལོག་པ་དང་ཁང་པ་རྡིབ་ཉེན་ཡོད་པས་དཔོན་དམག་ཚོས་མང་ཚོགས་རྣམས་གྲོང་རྡལ་ལྟེ་གནས་ཀྱི་ཕག་པ་དགོན་གྱི་ཐང་ཆེན་དུ་བཀོད་སྒྲིག་བྱས། ཡོམ་འཕྲོ་འཇགས་རྗེས་ཁོང་ཚོས་སླར་ཡང་མང་ཚོགས་རྣམས་གོ་རིམ་ལྡན་པའི་སྒོ་ནས་བདེ་འཇགས་ཁུལ་དུ་ཁ་འགྲེམས་བྱས་པ་རེད།
         ཏང་གི་རྟགས་མའི་འོད་མདངས་འཕྲོ། ཏང་རྩ་འཛུགས་ནི་གེགས་ཁུལ་མང་ཚོགས་ཀྱི་བརྟེན་ས་ཡིན།
         ས་ཡོམ་བརྒྱབ་ཉིན་ནས་བཟུང་གཞི་རིམ་ཏང་རྩ་འཛུགས་ཀྱིས་རྩ་འཛུགས་ཀྱི་བཀོད་འདོམས་ནུས་པ་དང་། མཐུན་སྦྱོར་ནུས་པ། གུང་ཁྲང་ཏན་ཡོན་གྱི་གདོང་ལེན་དཔེ་བཟང་གི་ནུས་པ་བཅས་འདོན་སྤེལ་བྱས་ཏེ་ནུས་ཤུགས་ཡོད་རྒུས་མང་ཚོགས་སྒྲིག་འཛུགས་བྱས་ནས་གནོད་འཚེ་སེལ་བ་དང་དཀའ་གནད་ལས་སྒྲོལ་ཏེ་ཡོམ་འགོག་གེགས་སེལ་གྱི་གསོན་ཤུགས་དམག་ཅིག་གྲུབ།
         ས་ཡོམ་ནང་སྐྱིད་གྲོང་རྫོང་ས་ལེབ་ཤང་སྲིང་གཞུང་གི་སྒོ་རའི་མདུན་གྱི་ས་ལེབ་གྲོང་ཚོའི་གྲོང་མིའི་སྡོད་ཁང་རྡིབ་ཉེན་ཡོད་པ་དང་སྐད་ཅོར་དང་རྔུ་སྐད་ཀྱིས་ཁེངས་ནས་ཡོད། “མ་ཞེད་ཨང་། ཤང་གི་ལས་བྱེད་པ་ཡོད་པས་ཞེད་དགོས་མ་རེད”ཅེས་ཤང་ཏང་ཨུད་ཀྱི་ཧྲུའུ་ཅི་ལྷ་དབང་ཕུན་ཚོགས་ཀྱིས་མང་ཚོགས་བཀོད་སྒྲིག་བྱེད་པ་དང་ཆབས་ཅིག་ཤང་ཏང་ཨུད་ཀྱི་འགོ་ཁྲིད་ཚན་ཁག་གི་ཁོངས་མི་གཅིག་ཏུ་འདུས་ནས་ལས་བགོས་བརྒྱབ་སྟེ་གྲོང་ཚོ་ཁག་ཏུ་བཏང་ནས་གནོད་འཚེའི་གནས་ཚུལ་ལ་ཞིབ་བཤེར་དང་རྨས་མ་སྐྱོབ་རོགས་བྱས།
         དེ་ཉིན་དགོང་མོ། ལྷ་དབང་ཕུན་ཚོགས་དང་ཤང་གི་ལས་བྱེད་པས་མེ་ཤིང་བསྒྲུགས་ཏེ་གུར་གྱི་ཕྱིར་མེ་བཏང་ནས་སྲུང་བྱ་བྱས་པ་དང་མེ་འོད་ཏང་ཡོན་ལས་བྱེད་པ་ཚོའི་ངོ་གདོང་དུ་འཕྲོས་པ་དང་གེགས་ཁུལ་མང་ཚོགས་ཀྱི་སེམས་ལ་དྲོ་སྐྱིད་ཚོར་བཞིན་མཆིས།
         སེར་ཆུང་གྲོང་ཚོ་དང་ལ་བི་གྲོང་ཚོའི་ལམ་ཆད་པས་གྲོང་ཚོ་ཚང་མ་གནས་སྤོ་བྱེད་དགོས་ཤིང་། ཟླ་4ཚེས་27ཉིན་ནས་བཟུང་ལྷ་དབང་ཕུན་ཚོགས་ཀྱིས་ཤང་གི་ལས་བྱེད་པ་ཁག་གཅིག་འཁྲིད་ནས་གཡང་གཟར་རི་ལམ་ཐེངས་དྲུག་སྒྲོལ་ཏེ་མང་ཚོགས་300ལྷག་ཙམ་བདེ་འཇགས་ཁུལ་དུ་གནས་སྤོ་བྱས་པ་རེད། ཟླ་5ཚེས་12ཉིན་ནེ་པར་ལར་སླར་ཡང་ཡོམ་འཕྲོ་ཆེན་པོ་ཞིག་བརྒྱབ་ཀྱང་ས་ལེབ་ཤང་གི་མང་ཚོགས་རྣམས་སྤོས་ཟིན་པར་བརྟེན་མི་སྣ་ཤི་རྨས་བྱུང་མེད།
         ས་ཡོམ་རྒྱག་སྐབས་གཉའ་ལམ་རྫོང་བཀྲ་ཤིས་མཐོང་སྒྲོལ་གླིང་དགོན་སྡེ་དོ་དམ་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་གུང་ཁྲན་ཏང་ཡོན་དཔལ་ཆོས་དང་བཙུན་མ་ཟླ་བ་དང་བསམ་གཏན་ལྷ་མོ་ཐབ་ཚང་ནང་གཙང་སྦྲ་བྱེད་བཞིན་ཡོད། དཔལ་ཆོས་ཀྱིས་སྐད་ཤུགས་ཆེན་པོས“མགྱོགས་པོ་བྲོས”ཞེས་བཤད་པས་ཟླ་བ་སྐྲག་ཐག་ཆོད་དེ་གོམ་པ་ཁ་ཤས་ལས་སྤོ་ཁོམ་མ་བྱུང་བར་ས་སྟེང་དུ་འགྱེལ། དཔལ་ཆོས་ཀྱིས་རྒྱུག་ཤར་གློད་དེ་ཁོང་སྐྱོར་རོགས་བྱས་པ་མ་ཟད། བསམ་གཏན་ལྷ་མོ་འཁྲིད་དེ་མགྱོགས་མྱུར་ཐབ་ཚང་གི་སྒོའི་ཕྱིར་བྲོས་རྩིས་བྱས་ཀྱང་ཐབ་ཚང་གི་སྒོ་རྡོས་གནན་ཟིན། སྐབས་དེར་ཐོག་སྟེང་ནས་དངོས་པོ་ཟགས་ཡོང་གི་ཡོད། གདུང་མ་ཆེན་པོ་ཞིག་ཟླ་བའི་ཕྱོགས་སུ་ལྷུང་ཡོང་བ་མཐོང་སྐབས་དཔལ་ཆོས་ཀྱིས་མདུན་དུ་མཆོང་ནས་ཟླ་བ་ཟུར་དུ་འབུད། འོན་ཀྱང་རང་ཉིད་ཀྱི་མགོ་ལ་གདུང་མ་དེ་འཁེལ་ནས་དེ་རང་དུ་གྲོངས།
         ས་ཡོམ་ནང་ལོ་55ལ་སླེབས་པའི་འགྲམ་གྲོང་རྡལ་ཤོལ་པོ་སྒང་གྲོང་ལྷན་གྱི་ཀྲུའུ་རེན་ཏང་ཡོན་རྒན་གྲས་ཤེས་རབ་རྒྱལ་མཚན་གྱི་གཉེན་ཉེ་4གྲོངས། སེམས་སྡུག་བཟོད་བཞིན་ཁོང་གིས་གྲོང་མི་200ལྷག་ཙམ་སྣེ་ཁྲིད་དེ་རྐང་ཐང་མར་ལི་ཤིང་གྲོང་ཚོར་གནས་སྤོ་བྱས། གནས་སྐབས་བཀོད་སྒྲིག་བྱ་ཡུལ་དུ་འབྱོར་རྗེས་ཤེས་རབ་རྒྱལ་མཚན་གྱིས་གེགས་སྐྱོབ་དངོས་ཟོག་བསྡུ་ལེན་དང་བགོ་བའི་ལས་དོན་ནང་ཞུགས་པ་མ་ཟད། གཉེན་ཉེ་གྲོངས་པའི་ཁྱིམ་ཚང་ལ་སེམས་གསོ་བཏང་བ་དང་རྨས་སྐྱོན་ཕོག་པའི་མང་ཚོགས་ལ་བལྟ་བར་ཕྱིན། འོན་ཀྱང་རང་ཉིད་ཀྱི་གཉེན་ཉེའི་སྐོར་བརྗོད་སྐབས་ཤར་པའི་ཕོ་རྒོད་ག་དེའི་མིག་ནང་འཕྲལ་དུ་མཆི་ཞག་འཁོར།
         སྟོབས་དང་ལྡན་པའི་ཏང་གཤིས།
         ཏང་རྩ་འཛུགས་ནི་མང་ཚོགས་ཀྱི་སེམས་ནང་ནམ་ཡང་མི་ནུབ་པའི་དར་ཆ་ཡིན།
         སྐྱིད་གྲོང་འགག་སྒོ་དེ་ཀྲུང་གོ་དང་ནེ་པ་ལའི་ས་མཚམས་ཀྱི་རི་མཐོ་གྲོག་རོང་ཁྲོད་གནས་པ་མ་ཟད། འགྲིམ་འགྲུལ་འགག་པའི་རྐྱེན་གྱིས་ཟླ་4ཚེས་29ཉིན་རྒྱུན་སྡོད་མང་ཚོགས་དང་འགག་སྒོའི་ལས་དོན་མི་སྣ་ཐད་འཕུར་གནམ་གྲུ་བསྡད་ནས་གནས་སྤོ་བྱས། འོན་ཀྱང་མཐའ་མཚམས་ཞིབ་བཤེར་དང་ལྟ་སྲུང་རུ་འབྲིང་གི་མཐའ་སྲུང་དཔོན་དམག་21གིས་ཁ་ཆེམས་ཡི་གེ་བྲིས་ནས་སྔར་བཞིན་གནས་དེ་སྲུང་རྒྱུའི་ཆོད་སེམས་བཞག
         ས་ཚིགས་ཏང་ཨུད་དང་རུ་འབྲིང་ཏང་ཀྲི་པུའི་སྣེ་ཁྲིད་འོག་དཔའ་བོ་21གིས་རྦབ་རྡོ་བར་མཚམས་མ་ཆད་པར་ལྷུང་བའི་ཉེན་ཁར་མ་འཛེམས་པར་ཉིན་ལྟར་འགག་སྒོ་དང་རྒྱལ་རྟགས་ལ་གུས་འདུད་ཞུ་ཡི་ཡོད།
         ཡོམ་འགོག་གེགས་སེལ་ཁྲོད་ཐོན་པའི་མི་སེམས་འགུལ་བའི་གནས་ཚུལ་དེ་དག་ལས་གེགས་ཁུལ་གྱི་མང་ཚོགས་ཀྱི་སེམས་ནང་ཏང་དང་སྲིད་གཞུང་གི་དྲིན་ཚོར་ཞིང་། རོང་ཤར་ཤང་མཚམས་རྒྱས་གྲོང་ཚོའི་ལོ་36ལ་སླེབས་པའི་ཚེ་རིང་དཔལ་འབྱོར་གྱིས“ཏང་དང་སྲིད་གཞུང་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ང་ཚོར་མཁོ་བའི་དངོས་པོ་འཕྲལ་དུ་བསྐྱལ་བྱུང་། མེས་རྒྱལ་གྱི་ཁྱིམ་ཚང་ཆེན་པོ་དེའི་ནང་འཚོ་བ་བསྐྱལ་རྒྱུ་བྱུང་བས་ང་རང་གི་བདེ་སྐྱིད་ཡིན་པ་ཚོར་གྱི་འདུག”ཅེས་བཤད།
         གསར་འགོད་པས་ས་གནས་ཁག་ཏུ་བཅར་འདྲི་བྱེད་སྐབས་བཀོད་སྒྲིག་བྱ་ཡུལ་ཁག་ཏུ་གཞི་རིམ་ཏང་རྩ་འཛུགས་ཀྱི་སྒོ་བྱང་བཀལ་བའི་གུར་དང་ཤང་ཏང་ཨུད་དང་གྲོང་ཚོའི་ཀྲི་པུའི་གཞུང་དོན་ཁང་རིམ་གྱིས་སླར་གསོ་ཐུབ་ནས་གང་ས་ནས་དམར་མདངས་བཀྲ་བའི་ཏང་དར་ལྷབ་ལྷུབ་ཏུ་གཡོ་བ་མཐོང་བྱུང་། སྐྱིད་གྲོང་རྫོང་གུང་ཐང་གྲོང་ཚོའི་གྲོང་མི་ཟླ་བས“ཏང་དར་དང་རྒྱལ་དར་མཐོང་སྐབས་ང་ཚོའི་སེམས་རྣལ་དུ་བབས་སོང་། ཏང་དང་སྲིད་གཞུང་ཡོད་ན་ང་ཚོར་རེ་བ་ཡོད”ཅེས་བཤད།
         ས་ཡོམ་བརྒྱབ་ནས་ཟླ་བ་གཉིས་སོང་བ་དང་བོད་ཀྱི་ཡོམ་འགོག་གེགས་སེལ་གྱི་ལས་དོན་དེ་འཕྲལ་སྡོམ་རོགས་སྐྱོབ་དང་མང་ཚོགས་བཀོད་སྒྲིག་བྱེད་པ་ནས་གེགས་རྗེས་བསྐྱར་སྐྲུན་གྱི་ཕྱོགས་སུ་གྱུར་ཡོད། ངལ་དུབ་སེལ་ཁོམ་པ་མ་བྱུང་བར་རྫོང་དང་། ཤང་། གྲོང་ཚོ་བཅས་ཁག་གི་གཞི་རིམ་རྩ་འཛུགས་དང་ལས་བྱེད་པ་ཚོས་སླར་ཡང་ཐོན་སྐྱེད་སླར་གསོ་བྱ་རྒྱུའི་ནང་ཞུགས།
         གུང་ཁྲན་ཏང་ཡོན་སྐྱིད་གྲོང་རྫོང་མར་ར་གྲོང་ཚོའི་གྲོང་ལྷན་གྱི་ཀྲུའུ་རེན་ཚེ་བརྟན་མི་འགྱུར་གྱིས་ཉིན་དེ་དག་ནང་གྲོང་ཚོའི་ལས་བྱེད་པ་སྣེ་ཁྲིད་དེ་གྲོང་མི་ཚོའི་ནས་ཞིང་ལ་ལྕགས་དྲ་སྐོང་རོགས་བྱས། ཁོང་གིས་ཡུལ་མི་ཚོར“ང་ཚོར་མགོ་ཕྱུགས་དང་ས་ཞིང་ཡོད་པས་ས་ཞིང་ཡག་པོ་འདེབས་པ་དང་མགོ་ཕྱུགས་ཡག་པོ་གསོས་ནས་ཁྱིམ་གཞིས་སྔ་ཙམ་བསྐྱར་སྐྲུན་བྱེད་དགོས”ཞེས་བཤད།
    མང་ཚོགས་ཀྱི་གུར་ནང་ལྟོགས་གསོས་ཟ་བའི་གནས་ཚུལ་ཡིན་པ།
    མང་ཚོགས་ཀྱི་གུར་ནང་ལྟོགས་གསོས་ཟ་བའི་གནས་ཚུལ་ཡིན་པ།
      

    ཕྱོགས་བསྡུས་གསར་འགྱུར།