མི་དམངས་དྲ་བ།>>མཐོ་རིམ་གནས་ཚུལ།

༄༅།།ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གིས་གློག་འཕྲིན་བཏང་ནས་ཀྲུའུ་ལི་ལུན་
ཀྲུང་གོ་གོ་མིན་ཏང་གི་ཀྲུའུ་ཞིར་བདམས་ཐོན་བྱུང་བར་རྟེན་འབྲེལ་ཞུས་པ།

གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 01ཚེས་19ཉིན། 08:54】   (རྩོམ་སྒྲིག་འགན་འཁུར་པ། ལྷ་ལུང་།)

མི་དམངས་དྲ་བའི་འཕྲིན། ཟླ་1ཚེས་17ཉིན་ཀྲུའུ་ལི་ལུན་ཀྲུང་གོ་གོ་མིན་ཏང་གི་ཀྲུའུ་ཞིར་བདམས་ཐོན་བྱུང་བ་རེད། ཉིན་དེའི་མཚན་མོར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གིས་ཀྲུང་གོ་གོ་མིན་ཏང་གི་ཀྲུའུ་ཞི་ཀྲུའུ་ལི་ལུན་ལ་རྟེན་འབྲེལ་གློག་འཕྲིན་བཏང་བ་རེད། ཞིས་ཅིན་ཕིང་གི་རྟེན་འབྲེལ་གློག་འཕྲིན་ནང་“སྐུ་ཞབས་ཁྱེད་ཉིད་ཀྲུང་གོ་གོ་མིན་ཏང་གི་ཀྲུའུ་ཞིར་བདམས་ཐོན་བྱུང་བའི་སྐབས་འདིར་རྟེན་འབྲེལ་ཞུ་རྒྱུ་ཡིན། ད་ཕན་ལོ་ཤས་རིང་གོ་གུང་ཏང་གཉིས་དང་ངོགས་གཉིས་ཀྱིས་ཐུན་མོང་ཐོག་འབད་བརྩོན་བྱས་ནས་ངོགས་གཉིས་ཀྱི་འབྲེལ་བ་ཞི་བདེའི་ངང་འཕེལ་རྒྱས་གཏོང་བའི་རྣམ་པ་བཟང་པོ་ལག་གདང་སྦྲེལ་ནས་བཏོད་པ་དང་ངོགས་གཉིས་ཀྱི་སྤུན་ཟླར་ཕན་པ་མང་པོ་ཐོན་པས་ངོགས་གཉིས་ཀྱི་འབྲེལ་བ་འཕེལ་རྒྱས་གཏོང་རྒྱུར་དེ་བས་ཀྱང་རེ་བས་ཁེངས་ཡོད། ཏང་གཉིས་ཀྱིས་མི་རིགས་ཀྱི་བདེན་དོན་གྱི་ཁ་ལོ་སྒྱུར་བ་དང་། ‘གོ་གཉིས་ལོའི་ཐུན་མོང་ངོས་འཛིན’མཐའ་འཁྱོངས་དང‘ཐའེ་དབན་རང་བཙན’ལ་ངོ་རྒོལ་བྱེད་པའི་ཐུན་མོང་གི་ཆབ་སྲིད་རྨང་གཞི་སྲ་བརྟན་དུ་གཏོང་བ། སྤེལ་རེས་ལ་ཤུགས་སྣོན། ཕན་ཚུན་ཡིད་ཆེས་ཟབ་ཏུ་གཏོང་བ། ངོགས་གཉིས་ཀྱི་འབྲེལ་བ་ཞི་བདེའི་ངང་འཕེལ་རྒྱས་གཏོང་རྒྱུར་མུ་མཐུད་སྐུལ་འདེད་གཏོང་བ། ངོགས་གཉིས་ཀྱི་མང་ཚོགས་ལ་བདེ་སྐྱིད་སྐྲུན་པ། ཐུན་མོང་ཐོག་མི་རིགས་བསྐྱར་དར་གྱི་བརྗིད་ཆེའི་བྱ་གཞག་སྒྲུབ་པ་བཅས་བྱ་རྒྱུའི་རེ་བ་ཡོད”ཅེས་འཁོད་ཡོད། ཉིན་དེར་ཀྲུང་གོ་གོ་མིན་ཏང་གི་ཀྲུའུ་ཞི་ཀྲུའུ་ལི་ལུན་གྱིས་ཏར་ལན་བཏང་ནས་ཞིས་ཅིན་ཕིང་ལ་ཐུགས་རྗེ་ཆེ་ཞུས་པ་རེད། 
     ཀྲུའུ་ལི་ལུན་གྱིས་ཏར་ལན་ནང་“ཟླ་1ཚེས་17ཉིན་རྟེན་འབྲེལ་གློག་འཕྲིན་འབྱོར་བྱུང་བས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ཁྱེད་རྣམ་པའི་ཏང་དང་རང་རེའི་ཏང་གཉིས་ཀྱིས་འདས་ཟིན་པའི་ལོ་6ལྷག་ཙམ་རིང‘གོ་གཉིས་ལོའི་ཐུན་མོང་ངོས་འཛིན’གྱི་རྨང་གཞིའི་འོག་རིམ་པ་ཁག་གི་སྤེལ་རེས་དང་མཉམ་ལས་ལ་སྐུལ་འདེད་ཧུར་ཐག་བཏང་ནས་ངོགས་གཉིས་དབར་ཞི་བདེའི་ངང་འཕེལ་རྒྱས་གཏོང་ཆེད་ལོ་རྒྱུས་ཀྱི་རྣམ་པ་གསར་པ་བཏོད་པ་དང་འབྲེལ་ཁྱེད་རྣམ་པའི་ཏང་དང་རང་རེའི་ཏང་གཉིས་དབར་ལེགས་ལམ་མཉམ་འགུལ་བྱེད་སྟངས་བསྐྲུན་པ་དང་ཕན་ཚུན་ཡིད་ཆེས་ཀྱི་རྨང་གཞི་བཏིང་ཡོད་“ཁྱེད་རྣམ་པའི་ཏང་དང་རང་རེའི་ཏང་གཉིས་ཀྱིས་ངོགས་གཉིས་ཀྱི་འབྲེལ་བའི་འབྱུང་འགྱུར་གྱི་འཕེལ་རྒྱས་ཐོག་མུ་མཐུད་སྤེལ་རེས་རྒྱ་ཆེར་གཏོང་བ་དང་གཉིས་ཁེ་གཉིས་ཕན་ཡོང་བ་བྱས་ཏེ་ངོགས་གཉིས་རྒྱུན་མཐུད་ཞི་བདེ་དང་དར་རྒྱས་ཡོང་རྒྱུར་སྐུལ་འདེད་གཏོང་རྒྱུའི་རེ་བ་བྱེད་ཀྱི་ཡོད”ཅེས་འཁོད་ཡོད་པ་རེད།