འཚོལ་བཤེར།   
藏文频道
2014ལོའི་ཟླ་11ཚེས་14ཉིན།
  • མི་དམངས་དྲ་བ།

    ༄༅།།དགེ་རྒན་གྱིས་སློབ་ཚན་གྲ་སྒྲིག་བྱེད་སྐབས་མཐོང་ཆེན་བྱེད་དགོས་རིགས་སྐོར་ཅུང་གླེང་བ།

    མཐོང་སྨོན་རྫོང་ཆ་ཚང་སློབ་ཆུང་། ཆུང་ཐག་སྐྱིད་པ་ནས།

    གསར་འགྱུར་སྤེལ་དུས།  【2014ལོའི་ཟླ་ 11ཚེས་14ཉིན། 09:14】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         སློབ་གསོ་སློབ་ཁྲིད་ཀྱི་བརྒྱུད་རིམ་ནང་དགེ་རྒན་གྱི་གཙོ་ཁྲིད་ནུས་པ་དང་སློབ་མའི་གཙོ་ཞུགས་ཀྱི་ནུས་པ་འདོན་སྤེལ་གང་ལེགས་ཀྱིས་སྔར་ལས་ལྷག་པའི་སྒོ་ནས་སློབ་མར་ཤེས་བྱ་བརྒྱུད་སྤྲོད་དང་། སློབ་མའི་ཕྱོགས་ཡོངས་ཀྱི་ནུས་པ་གོང་མཐོར་གཏོང་བར་ངེས་པར་དུ་སློབ་གསོའི་ཆོས་ཉིད་དང་སློབ་མའི་ལུས་སེམས་ཀྱི་ཁྱད་ཆོས་ལ་དམིགས་ཏེ་སློབ་ཁྲིད་བྱེད་སྟངས་ལ་ཞིབ་འཇུག་ནན་པོ་བྱེད་དགོས། ཡང་དག་པའི་སྒོ་ནས་སློབ་ཁྲིད་ཀྱི་ནུས་པར་ངོས་འཛིན་བྱ་རྒྱུ་ནི་གལ་འགངས་ཆེ་ཞིང་། ལྷག་པར་དུ་སློབ་མའི་ཁྱད་ཆོས་དང་སློབ་ཚན་གྱི་དགོས་མཁོར་གཞིགས་ནས་སློབ་ཁྲིད་བྱས་ཚེ། སློབ་མའི་བསམ་བློ་འགུལ་ཚད་དེ་བས་མང་བ་དང་། ལག་ལེན་གྱི་ནུས་པའང་གསོ་སྐྱོང་གང་ལེགས་ཐུབ་པས་དེ་ནི་རྒྱུ་འབྲས་རྟེན་འབྲེལ་བསླུ་བ་མེད་པ་ཞིག་ཡིན།
         དགེ་རྒན་གྱི་ངོས་ནས་བརྗོད་ན་སློབ་ཁྲིད་ཀྱི་རྩ་དོན་གཞིར་འཛིན་ནས་སློབ་ཚན་གྲ་སྒྲིག་ལེགས་པོ་བྱེད་དགོས་ཤིང་། སློབ་ཁྲིད་སྒྲིག་འཛུགས་ལེགས་པོ་བྱ་རྒྱུ་དེ་སློབ་ཚན་འཁྲིད་པའི་བརྒྱུད་རིམ་ཁྲོད་དགེ་སློབ་དབར་ཕན་ཚུན་འབྲེལ་བ་ཟབ་ཏུ་གཏོང་བ་དང་སློབ་ཚན་སྤྱི་ཡོངས་སློབ་མ་ཚོས་ཁོང་དུ་ཆུད་པ་དེ་བཞིན་དགེ་རྒན་རང་ཉིད་ཀྱི་སློབ་ཁྲིད་བྱེད་པའི་འགན་འཁྲི་ཁུར་སེམས་ཆེ་རུ་གཏོང་བ་བཅས་ཀྱི་ཐད་ལ་ནུས་པ་མི་དམན་པ་ལྡན་ཡོད། གཤམ་དུ་ཕྲན་ནས་དགེ་རྒན་གྱིས་སློབ་ཚན་གྲ་སྒྲིག་ནུས་པ་ལེགས་སུ་གཏོང་བའི་ཐད་རང་གི་སློབ་ཁྲིད་ཉམས་མྱོང་དང་འབྲེལ་ནས་ཅུང་ཟད་གླེང་བར་བྱ།
         དགེ་རྒན་གྱི་བྱང་ཚད་ཁྱོན་ཡོངས་ནས་གོང་མཐོར་གཏོང་དགོས།
         བྱང་ཚད་ནི་རྒྱལ་ཁབ་གཅིག་དང་མི་རིགས་ཤིག་གི་རིག་གནས་ཀྱི་ཆུ་ཚད་གང་འདྲ་ཞིག་ཏུ་སླེབས་མིན་དང་དཔལ་ཡོན་གྱི་མེ་ཏོག་ཇི་འདྲ་བཞད་ཡོད་མེད་ལ་ལྟ་བའི་ངོ་ཤེལ་ལྟ་བུ་ཡིན་པས་འཛམ་གླིང་དུ་དེང་སྐབས་སྐྱེ་བོ་ཀུན་གྱིས་བརྩི་མཐོང་ཆེན་པོར་འཛིན་པའི་གནས་ཤིག་ཡིན། དགེ་རྒན་གྱི་བྱང་ཚད་ནང་དོན་ཁྲོད་བསམ་བློ་ཀུན་སྤྱོད་ཀྱི་བྱང་ཚད་དང་། རིག་གནས་ཀྱི་བྱང་ཚད། སློབ་ཁྲིད་ནུས་པའི་བྱང་ཚད་བཅས་གཙོ་ཁག་གསུམ་དུ་བསྡུས་ཡོད།
         བསམ་བློ་ཀུན་སྤྱོད་ཀྱི་བྱང་ཚད་ཐོག་ནས་མདོར་ཙམ་བརྗོད་ན་གཅིག་ནི་དགེ་རྒན་ལ་ངེས་པར་དུ་ཡང་དག་པའི་འཇིག་རྟེན་ལྟ་བ་དང་མི་ཚེའི་ལྟ་བ་དགོས་པ་དང་། སློབ་གསོའི་བྱ་གཞག་ལ་ལྷག་བསམ་རྣམ་དག་གིས་ཞབས་འདེགས་ཞུ་རྒྱུའི་འདུན་པ་ཟོལ་མེད་ཅིག་དགོས་ཀྱི་ཡོད། གཉིས་ནི་ངེས་པར་དུ་སློབ་མར་དགའ་ཞེན་ཆེ་བ་དང་སུན་སྣང་སྤུ་ཙམ་ཡང་མི་བྱེད་པར་རང་ལ་ཡོད་པའི་ཡོན་ཏན་གང་དག་བུམ་པ་གང་བྱོའི་ཚུལ་གྱིས་སློབ་མར་སྦྱིན་པའི་རྨང་གཞིའི་ཐོག སློབ་མའི་འཚོ་བ་དང་བསམ་བློ་སོགས་ཕྱོགས་གང་ཅིར་དོ་ཁུར་བྱེད་དགོས། གསུམ་ནི་སློབ་གསོའི་སྒྲིག་ཁྲིམས་ནན་པོ་བསྲུངས་ནས་རང་དཔེ་གཞན་སྟོན་གྱི་ནུས་པ་ལྡན་དགོས། བཞི་ནི་མཐའ་ཡས་ཤེས་བྱའི་རྦ་ཀློང་ཁྲོད་ནམ་ཡང་རྒྱུན་ཆད་མེད་པར་འཇུག་པའི་འགྱུར་མེད་ཀྱི་བསམ་བློ་ཞིག་དགོས།
         རིག་གནས་ཀྱི་བྱང་ཚད་ནི་དགེ་རྒན་ཞིག་གི་ངོས་ནས་བརྗོད་ན་གལ་འགངས་ཆེན་པོ་ཡིན་ཞིང་། རྒྱུ་མཚན་ནི་སློབ་མའི་ཡོན་ཏན་དགེ་རྒན་ལས་འབྱུང་འགྲོ་བས་དགེ་རྒན་གྱི་རིག་གནས་ཆུ་ཚད་ཀྱིས་ཐད་ཀར་སློབ་མའི་ཤེས་རྒྱར་ཤུགས་རྐྱེན་ཐེབས་ཀྱི་ཡོད། སུའུ་ལེན་གྱི་སློབ་གསོ་ལག་ལེན་མཁས་ཅན་དང་སློབ་གསོ་རིག་གཞུང་མཁས་ཅན་སུའུ་ཧའོ་མུའུ་ལེན་སིའི་ཅིས“སློབ་མའི་མིག་ནང་དུ་དགེ་རྒན་ནི་རིག་པ་གསལ་ལ་ཤེས་རྒྱ་ཡངས་པ། བསམ་བློ་གཏོང་བར་སྤྲོ་ལ་ཡོན་ཏན་ལ་དགའ་བའི་མི་ཞིག་ཡིན་དགོས”ཞེས་གསུངས་མྱོང་བས། དེ་ཐོག་ནས་དགེ་བའི་གཤེས་གཉེན་གྱི་མཚན་བཟུང་བ་ཙམ་གྱིས་ལུས་ལ་འཛོམས་དགོས་པའི་ཆ་རྐྱེན་ཁག་གཅིག་གསལ་པོར་མངོན་ཐུབ། དེར་བརྟེན་དགེ་རྒན་གྱི་ཡིད་ལ་རང་ཉིད་ནི་གཞན་དང་མི་འདྲ་བར་ངེས་པར་དུ་ངོམས་ཆོག་པའི་ཤེས་བྱའི་སྣེ་ཞིག་ལྡན་དགོས་པའི་ངེས་ཤེས་བསྙོན་དུ་མེད་པ་ཞིག་ཡོད་དགོས། ཤེས་ཡོན་ནི་དགེ་རྒན་ཞིག་ལ་མཚོན་ན་སློབ་གསོའི་བྱ་བ་གཉེར་བའི་ཁོར་ཡུག་ཧྲིལ་པོའི་ནང་གི་མཚོན་ཆ་རྣོ་ཤོས་ཡིན་པས་ཡོན་ཏན་བཏང་ཆོག་པ་ཞིག་མེད་ཚེ་གོ་མིང་དང་ཆེས་མི་མཐུན་པས་ངོ་གནོང་དགོས་པ་ཞིག་ཏུ་འཁུམས། སྤྱིར་དགེ་རྒན་གྱི་ངོས་ན་བརྗོད་ན་ངེས་པར་དུ་རང་སོ་སོའི་འབྲེལ་ཡོད་ཆེད་ལས་ཤེས་བྱ་ཁོང་དུ་ཆུད་པ་ཞིག་དགོས་པ་དང་ལེགས་ཉེས་བླང་དོར་གྱི་བློ་ཁ་ཡངས་པོར་ཕྱེ་སྟེ་རིག་གནས་ཆུ་ཚད་གོང་མཐོར་གཏོང་དགོས། དགེ་རྒན་གྱིས་རང་གི་རིག་གནས་བྱང་ཚད་གོང་མཐོར་གཏོང་བར་ཐབས་དམ་པ་གཅིག་ལས་མེད་ཅེས་བརྗོད་ན་ཐལ་མི་དྲགས་ཏེ་དེ་ནི་འབད་པ་ཆུ་བོའི་རྒྱུན་བཞིན་བྱ་དགོས་པ་དེ་ཡིན་པ་མ་ཟད། རང་སོ་སོའི་ཆེད་ལས་ཀྱི་བསླབ་ཚན་ལ་ཞིབ་འཇུག་ནན་པོ་དང་ཕྱོགས་སྡོམ་ནན་པོ་བྱེད་དགོས་པ་དང་། དེ་དང་ཆབས་ཅིག་སྲོལ་རྒྱུན་བཀག་རྒྱ་ལས་ཡོངས་སུ་བསྒྲལ་ནས་དུས་རབས་ཀྱི་བགྲོད་དང་མཐུན་པའི་སྒོ་ནས་འཕེལ་རྒྱས་ཀྱི་ལྟ་བ་བཟུང་སྟེ་རང་གི་ཆེད་ལས་སམ་ཡང་ན་དགའ་ཕྱོགས་ཡོད་པའི་ཤེས་བྱའི་འཕེལ་ཚུལ་སོགས་ཤེས་རྟོགས་ཐུབ་པ་བྱས་ནས་མཐོང་རྒྱ་དང་ཐོས་རྒྱ་ཆེ་རུ་གཏོང་དགོས་པའི་ཐོག་རིག་གཞུང་དང་ལག་ལེན་ཟུང་འབྲེལ་བྱས་ནས་དངོས་ཡོད་ལས་ཀའི་ཁྲོད་འཕྲད་པའི་དཀའ་གནད་གསར་པར་རང་གི་ལྟ་བ་དང་ཞིབ་འཇུག་ཐག་གཅོད་བྱེད་པའི་ནུས་པ་ཡོད་དགོས།
         སློབ་མའི་སེམས་ཁམས་ལ་ཁྲིད་སྟོན་གང་ལེགས་བྱེད་དགོས།
         སློབ་ཁྲིད་གྲ་སྒྲིག་ཁྲོད་དུ་སློབ་མའི་སེམས་ཁམས་ལ་རྒྱུས་ལེན་བྱས་ནས་གང་ཐུབ་ཅི་ཐུབ་ཀྱིས་སློབ་མའི་སེམས་ཁམས་དང་བསྟུན་དགོས་རྒྱུ་ནི་དགོས་གལ་ཤིན་ཏུ་ཆེན་པོ་ཡིན། སློབ་མའི་སེམས་ཁམས་རྒྱུས་ལེན་བྱེད་པར་ཐབས་ཤེས་ལེགས་པོ་དགོས་ཤིང་། རང་ཉིད་ཀྱིས་སློབ་ཁྲིད་བྱེད་པའི་བརྒྱུད་རིམ་ཁྲོད་ངེས་ཤེས་བྱུང་བའི་ཐབས་ཤེས་འགའ་ཉམས་མྱོང་སྤེལ་རེས་ཀྱི་ཚུལ་དུ་གླེང་ན། གཅིག་ནི་སེམས་རྩ་འཁོལ་བའི་སྒོ་ནས་སློབ་མ་དང་སེམས་ཁོང་གི་སྐད་ཆ་ཤོད་རེས་བྱས་ནས་སློབ་མའི་བསམ་བློའི་འགྱུར་ལྡོག་ཤེས་རྟོགས་བྱེད་པ་དང་སློབ་མར་ཡར་སྐུལ་གྱི་སྐད་ཆ་མང་ཙམ་ཤོད་པ་ལས་ཕོག་ཐུག་གི་སྐད་ཆ་མི་ཤོད་པ་དང་། བསྟོད་བསྔགས་མང་ཙམ་གཏོང་བ་ལས་གཤེ་གཤེ་མི་གཏོང་བ། དོ་ཁུར་མང་ཙམ་བྱེད་པ་ལས་ཁག་གཡོལ་བྱེད་མི་རུང་། དེའི་དམིགས་ཡུལ་ནི་ཕྲུ་གུའི་བསམ་བློ་རྒྱུན་གཏན་གྱི་བག་ཕེབས་ཟོལ་མེད་ཞིག་ཏུ་གནས་ཐུབ་པ་བྱས་ནས། ཁོང་ཚོས་རང་ཉིད་དང་མཐའ་འཁོར་གྱི་མིའམ་ཡང་ན་བྱ་བར་ངོས་འཛིན་ཡང་དག་པ་ཞིག་ཡོང་ཆེད་རེད། གཉིས་ནི་རང་འགུལ་གྱི་སྒོ་ནས་སློབ་མར་རོགས་རམ་བྱེད་དགོས། སློབ་མའི་སེམས་ཁམས་ཀྱི་གནོན་ཤུགས་དང་བསམ་བློའི་འཁྱེར་སོ་ནི་ཚད་གཞི་ངེས་ཅན་ཞིག་གི་ཐོག་ནས་བཤད་ན་སློབ་མའི་སྦྱངས་འབྲས་ལེགས་ཞན་དང་འབྲེལ་བ་དམ་ཟབ་ཡོད། དེར་བརྟེན་ངེས་པར་དུ་སློབ་གསེང་སོགས་ཀྱི་དུས་ཚོད་བེད་སྤྱད་ནས་སྦྱངས་འབྲས་ཞན་པའི་སློབ་མར་གསབ་ཁྲིད་བྱས་ཏེ་སློབ་སྦྱོང་གི་ཐབས་ཤེས་བཟང་པོ་བརྒྱུད་སྤྲོད་བྱས་ནས་སློབ་མ་དེ་རིགས་ཀྱི་དགའ་ཕྱོགས་ལ་སྐུལ་མ་བཏང་སྟེ་སློབ་སྦྱོང་བྱེད་པའི་ཡིད་ཆེས་ཀྱི་བསམ་བློ་ཤུགས་ཆེར་སྐྱེ་བ་བྱས་ནས་རང་འགུལ་ངང་སློབ་སྦྱོང་བྱེད་པའི་གོམས་གཤིས་བཟང་པོ་ཆགས་པ་བྱེད་དགོས།
         གཞན་ཡང་། ལྷག་བསམ་རྣམ་དག་གི་སྒོ་ནས་སློབ་མར་ཡར་སྐུལ་གྱི་སྟོབས་ཤུཊ་སྦྱིན་དགོས། གུས་མོ་ལྟར་ན་སློབ་མ་སྐྱོན་བྲལ་ངང་འཚར་ལོངས་ཡོང་བ་དང་ཡར་རྒྱས་ཀྱི་ཕྱོགས་སུ་འགྲོ་བར་གཤེ་གཤེ་ག་ཚོད་བཏང་མིན་ལ་མི་ཐུག་པར་འགག་རྩ་ནི་ཡར་སྐུལ་གྱི་སྟོབས་ཤུགས་ཇི་ཙམ་སྤྲོད་མིན་ལ་རག་ལུས་ཡོད་པར་སེམས། སློབ་ཆུང་སློབ་མ་ནི་སྤྱང་གྲུང་ལྡན་པ་ཤ་སྟག་ཡིན་པས་ང་ཚོས་ཁྱད་ཆོས་དེ་བེད་སྤྱད་ནས་སྦྱངས་འབྲས་ཞན་པའི་སློབ་མར་སློབ་སྦྱོང་གི་དམིགས་ཚད་བཟོས་ནས་སློབ་མའི་ང་རྒྱལ་གྱི་སེམས་པ་སྐུལ་སློང་བྱས་ཏེ་ཡག་ཐོག་ཡག་བརྩེགས་ཀྱི་ཕྱོགས་སུ་བསྐྱོད་པའི་ཡར་སྐུལ་གྱི་སྟོབས་ཤུགས་སྦྱིན་དགོས། དེ་ཙམ་མ་ཟད་སློབ་མའི་ངོམས་དོད་ཀྱི་བསམ་བློ་དེ་སྦྱངས་འབྲས་མཐོར་གཏོང་ཐད་བེད་སྤྱོད་དགོས་ཤིང་། དཔེར་ན་སྦྱངས་འབྲས་ཞན་པའི་སློབ་མ་ཞིག་འཛིན་གྲྭའི་འཚོ་བའི་ཨུ་ཡོན་དུ་བཀོད་ནས་སློབ་མ་དེར་རང་གི་ལེགས་ཆ་ངོམས་པའི་ཁོར་ཡུག་སྤྲོད་པ་དང་མ་ཟད་སྐབས་དང་བསྟུན་ནས་བསྟོད་བསྔགས་བཏང་སྟེ་སློབ་མ་དེར་རང་ཉིད་ཀྱི་ནུས་པར་དགེ་རྒན་དང་སློབ་མའི་གདེང་འཇོག་དང་བསྔགས་བརྗོད་བཟང་པོ་ཐོབ་པའི་བསམ་བློ་སྐྱེ་བས་རང་བཞིན་གྱིས་སྦྱངས་འབྲས་ལེགས་སུ་གཏོང་བར་ཡར་སྐུལ་གྱི་སེམས་པ་སྐྱེ་ཐུབ།
         སློབ་ཁྲིད་ཀྱི་ཐབས་ཤེས་འགྱུར་ལྡོག་གཏོང་དགོས།
         སློབ་ཁྲིད་སྒྲིག་འཛུགས་ཐད་ཕན་འབྲས་བཟང་ལ་དོན་སྙིང་ལྡན་པ་ཞིག་དགོས་ཚེ་དགེ་རྒན་ལ་བྱང་ཚད་མཐོ་པོ་ལྡན་དགོས་པ་ཙམ་མ་ཟད། སློབ་ཁྲིད་ཀྱི་ཐབས་ཤེས་བཟང་པོ་ཞིག་ཡོད་དགོས། དེ་ཡང་ཕྲན་རང་ཉིད་ཀྱི་སློབ་གསོའི་བྱ་བ་གཉེར་བའི་ལོ་ཟླའི་ཁྲོད་བྱུང་བའི་ཐབས་ཤེས་རགས་ཙམ་བརྗོད་ན། དགེ་རྒན་གྱིས་ཟོར་ཡང་བའི་པིར་རིས་འབྲི་ཤེས་དགོས་ལ་གླུ་གཞས་ཀྱང་གཏོང་ཤེས་པ།སྙན་ངག་པ་དང་མཚན་ཉིད་རིག་པ་བ་ལྟ་བུའི་གཏམ་བརྗོད་ཀྱི་ནུས་རྩལ་ཡོད་དགོས་པ། རབ་བྱུང་ན་འགུལ་རིས་མི་སྣ་དང་གྲགས་ཅན་མི་སྣར་ལད་མོ་བྱེད་པའི་འཁྲབ་རྩལ་ཡང་ལྡན་དགོས།
         དཔེར་ན། ཚིག་གསར་སློབ་ཁྲིད་བྱེད་སྐབས་རི་མོའི་ཐོག་ནས་ཇི་མ་ཇི་བཞིན་ཚིག་དེའི་གཟུགས་ནག་པང་ཐོག་འབྲི་ཐུབ་ཚེ། གསོན་ཉམས་ལྡན་པར་སྣང་བས་སློབ་མའི་སེམས་སུ་བསུབ་ཐབས་མེད་པའི་བག་ཆགས་འཇོག་ཐུབ་ཀྱི་ཡོད། གཞན་ཡང་དེ་བཞིན་བཙན་མཁྲེགས་ཀྱི་བརྗོད་པ་ལ་སོགས་པ་སློབ་མས་རྒྱུས་མངའ་ཆེ་བའི་གླུ་གཞས་ཀྱི་ཚིག་ཏུ་བླུགས་ནས་གྱེར་དུ་བཅུག་ཚེ་སྤྲོ་སྣང་ལྡན་པའི་ཁྲོད་ཟས་ཞིམ་པོ་ཞིག་དང་འདྲ་བར་སློབ་མའི་ཡིད་ལ་འཇགས་འགྲོ། དེ་བཞིན་དབྱར་དུས་ཚ་བ་ཆེ་བའི་སྐབས་སློབ་མ་རྣམས་གཉིད་ལ་ཡུར་སླ་བས་དགེ་རྒན་གྱིས་སྐར་མ་བཅུ་ཙམ་བེད་སྤྱད་ནས་སློབ་མ་རྣམས་དང་ཕན་ཚུན་རོལ་རྩེད་རྩེ་བ་སོགས་ཀྱི་བྱེད་སྒོ་སྤེལ་ཚེ་སློབ་མ་རྣམས་དེ་མུར་གྲུང་ཤ་དོད་དུ་འགྲོ་བས། སློབ་ཁྲིད་ཀྱི་སྤུས་ཚད་གོང་མཐོར་འགྲོ་རྒྱུར་སྨོས་མི་དགོས།
         ཀློག་འདོན་སློབ་ཁྲིད་སྐབས་སློབ་མ་རང་ཉིད་དཔེ་ཀློག་རྐྱང་རྐྱང་བྱེད་དུ་བཅུག་ཚེ་ངམ་ཤུགས་སུ་སུན་སྣང་སྐྱེ་འགྲོ་བས། དགེ་སློབ་མཉམ་འགུལ་གྱི་ཐབས་ཤེས་བཟུང་ན་ལེགས་པར་མཐོང་། དེ་ཡང་ཐེངས་ཤིག་ཕྲན་གྱིས་སློབ་གྲྭའི་ནང་ཡོངས་བསྒྲགས་སློབ་ཁྲིད་བྱེད་སྐབས་དགེ་སློབ་མཉམ་འགུལ་གྱི་ཐབས་ཤེས་སྤྱད་ནས་རང་ཉིད་ཀྱིས་སློབ་ཚན་ཀློག་འདོན་བྱེད་པ་དང་སློབ་མ་ཚོར་འགུལ་འཁྲབ་བྱེད་དུ་བཅུག་པ་ཡིན། སློབ་མ་ཚོས་སློབ་ཚན་གྱི་ནང་དོན་ལ་གཞིགས་ནས་མི་སྣ་མི་འདྲ་བའི་གཟུགས་བརྙན་མཚོན་པར་བྱེད་པ་དང་། ཡང་སྐབས་སྐབས་སུ་རང་ཉིད་ཀྱིས་ཀྱང་འཁྲབ་པ་སོགས་ཕན་ཚུན་བརྗེ་རེས་བྱེད་པའི་རྣམ་པའི་ཐོག་ནས་སློབ་ཚན་འཁྲུག་ཆ་དོད་ལ་ནང་དོན་ཁ་གསལ་གོ་བདེར་བྱས་པས། ལས་རོགས་ཚོའི་གདེང་འཇོག་ཡག་པོ་ཐོབ་པ་དང་སློབ་མ་ཚོའི་དགའ་བསུ་ཆེན་པོ་ཐོབ་བྱུང་།
         སློབ་ཆུང་སློབ་མའི་རང་གཤིས་ནི་རྩེད་ཆས་དང་དཔེ་གསར་གྱི་དངོས་པོར་དགའ་པོ་ཡོད། གལ་སྲིད་ང་ཚོས་སློབ་ཁྲིད་ཀྱི་བརྒྱུད་རིམ་ནང་རྩེད་ཆས་དང་དཔེ་གསར་གྱི་དངོས་པོ་དག་སློབ་ཆས་སུ་སྤྱད་དེ་སློབ་ཁྲིད་བྱས་ཚེ་སློབ་མ་ཚོས་ནམ་རྒྱུན་དང་མི་འདྲ་བར་སློབ་ཚན་ནན་ཏན་ཉན་ངེས་ཡིན་པས་སྦྱངས་བྱའི་ནང་དོན་དེ་བས་གསལ་པོ་རྟོགས་ཐུབ། དེས་ན་ང་ཚོས་རྒྱུན་གཏན་འཚོ་བའི་ནང་བསམ་བློ་མང་ཙམ་བཏང་ནས་སློབ་ཁྲིད་ཀྱི་དགོས་མཁོ་དང་སློབ་མའི་སེམས་ཁམས་ལ་གཞིགས་ཏེ་སློབ་ཆས་རང་བཟོ་དང་གྲ་སྒྲིག་བྱ་ཐུབ་ན་སློབ་ཁྲིད་སྒྲིག་འཛུགས་དེ་བས་ལས་སླ་བ་དང་སྤྲོ་སྣང་ལྡན་པ་ཞིག་ཅིས་མི་ཡོང་།
         སྐད་ཆའི་གལ་ཆེའི་རང་བཞིན་ལ་མཐོང་ཆེན་བྱེད་དགོས།
         གཟུགས་པོའི་ཡན་ལག་གི་སྐད་ཆ་ཞེས་པ་ནི་མི་རྣམས་ཀྱིས་རང་གི་བསམ་ཚུལ་མཚོན་པར་བྱེད་པའི་ངོ་གདོང་གི་རྣམ་འགྱུར་དང་གཟུགས་པོའི་སྒུལ་སྟངས་ཤིག་ལ་བརྗོད། དགེ་རྒན་གྱིས་རང་བཞིན་གྱི་སྒོ་ནས་གཟུགས་པོའི་ཡན་ལག་གི་སྐད་ཆ་བེད་སྤྱོད་བྱེད་པ་དེ་ཐད་ཀར་དགེ་རྒན་རང་ངོས་ཀྱི་བསམ་ཚུལ་མངོན་པས་སློབ་མས་སློབ་ཁྲིད་ནང་དོན་གོ་ཤེས་ཐུབ་པར་ཕན་ནུས་ལྡན་ལ་སློབ་མའི་སློབ་སྦྱོང་བྱེད་སེམས་དང་དགའ་སྣང་འཕེལ་བར་ཕན་པ་དེ་བས་ལྡན་པས། ཞི་མཐུན་གྱི་སློབ་སྦྱོང་བྱེད་པའི་ཁོར་ཡུག་གཏོད་ཐུབ་ལ་དགེ་སློབ་དབར་གྱི་འབྲེལ་བ་ཟབ་ཏུ་གཏོང་ཐུབ།
         སློབ་ཆུང་སློབ་མ་ཚོའི་ངོས་ནས་བཤད་ན་སྤྱིར་བཏང་གི་བྱ་དངོས་ཤིག་ལ་དོ་སྣང་བྱེད་པའི་དུས་ཚོད་ལ་ཚད་གཞི་ཡོད་ཀྱང་བྱ་དངོས་གསར་པའམ་ཡང་ན་དགའ་ཕྱོགས་ལྡན་པའི་སྣང་ཚུལ་ལ་དོ་སྣང་ཆེན་པོ་བྱེད་ཀྱི་ཡོད་པས། སློབ་ཁྲིད་བྱེད་པའི་བརྒྱུད་རིམ་ནང་དགེ་རྒན་གྱིས་སྐད་གསང་མཐོན་པོ་དང་གཟུགས་པོའི་ཉམས་འགྱུར་ཟུང་དུ་འབྲེལ་བའི་རྨང་གཞིའི་ཐོག་སློབ་ཚན་གྱི་ནང་དོན་སློབ་ཁྲིད་བྱས་ཚེ། སློབ་མ་རྣམ་གཡེང་གི་དབང་དུ་མ་ཚུད་པར་བློ་རྩེ་གཅིག་ཏུ་འགུགས་ཐུབ་པའི་ཕན་པ་ཆེན་པོ་ཐོན་ཐུབ། གཞན་ཡང་ངོ་གདོང་གི་རྣམ་འགྱུར་གྱིས་ཀྱང་བསམ་ཡུལ་ལས་འདས་པའི་ཕན་པ་ཐོན་གྱི་ཡོད་ཅིང་། དགེ་རྒན་གྱི་རྣམ་འགྱུར་ལས་སློབ་མར་གོ་བརྡ་མང་པོ་སྤྲོད་ཐུབ་ཀྱི་ཡོད། དཔེར་ན་སློབ་ཚན་ཡག་པོ་ཉན་རྒྱུའི་དྲན་སྐུལ་གཏོང་བའི་ཁྲོ་བའི་རྣམ་འགྱུར་དང་དྲིས་ལན་ཡག་པོ་བརྒྱབ་པར་ཡིད་ལ་བབ་པའི་རྣམ་འགྱུར་སོགས་ལས་ཕྱོགས་གཅིག་ནས་སློབ་མའི་རང་བརྩི་རང་སྲུང་གི་བསམ་བློར་སྲུང་སྐྱོབ་ཐུབ་པ་དང་ཕྱོགས་གཞན་ཞིག་ནས་སློབ་མའི་ཧུར་བརྩོན་རང་བཞིན་ལ་ཡར་སྐུལ་གྱི་ནུས་པ་ཐོན་ཐུབ།
         མདོར་ན་དགེ་རྒན་གྱིས་སློབ་གསོ་སློབ་ཁྲིད་ལས་དོན་གྱི་ལྟེ་བ་དང་སློབ་ཁྲིད་སྤུས་ཚད་གོང་མཐོར་གཏོང་བའི་འགག་གནད་དུ་གྱུར་བའི་སློབ་ཚན་གྲ་སྒྲིག་ལས་དོན་ལ་མཐོང་ཆེན་དང་དུས་རབས་ཀྱི་གོམས་འགྲོས་དང་བསྟུན་ནས་རིག་གནས་གསར་པ་དང་འདུ་ཤེས་གསར་པ་བརྗེ་སྒྱུར་བྱེད་དགོས།
      

    ཕྱོགས་བསྡུས་གསར་འགྱུར།