མི་དམངས་དྲ་བ།

༄༅།།ཞིས་ཅིན་ཕིང་གིས་ཨ་རིའི་ཙུང་ཐུང་ཨའོ་པ་མ་དང་གྲོས་མོལ་གནང་བ། 

གསར་འགྱུར་སྤེལ་དུས།  【2014ལོའི་ཟླ་ 11ཚེས་14ཉིན། 09:17】   (རྩོམ་སྒྲིག་འགན་འཁུར་པ། ལྷ་ལུང་།)

ཟླ་11ཚེས་12ཉིན་མི་དམངས་ཚོགས་ཁང་ཆེ་མོར་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞིས་ཅིན་ཕིང་གིས་ཨ་རིའི་ཙུང་ཐུང་ཨའོ་པ་མ་དང་གྲོས་མོལ་གནང་ནས་ཀྲུང་ཨའི་འབྲེལ་བ་དང་། དེ་བཞིན་ཐུན་མོང་ཐོག་དོ་ཁུར་བྱེད་པའི་རྒྱལ་སྤྱི་དང་ས་ཁུལ་གྱི་གནད་དོན་གལ་ཆེན་ཐད་ལྷག་བསམ་ཟོལ་མེད་ངང་དགོངས་འཆར་བརྗེ་རེས་གཏིང་ཟབ་གནང་ཞིང་། ཕྱོགས་གཉིས་ཀྱིས་ཨན་ན་པོ་ཀེ་གཞིས་ཀར་ཞལ་འཛོམས་གནང་སྐབས་ཀྲུང་ཨ་རྒྱལ་ཁབ་ཆེན་པོའི་འབྲེལ་བ་གསར་པ་འཕེལ་རྒྱས་གཏོང་བའི་ཐད་གྲོས་མཐུན་བྱུང་བའི་དམིགས་ཚད་བསྐྱར་བསྒྲགས་གནང་བ་དང་། ཞིས་ཅིན་ཕིང་གིས་གཙོ་གནད་ཁ་ཕྱོགས་དྲུག་གི་ཐོག་ནས་ཀྲུང་ཨ་རྒྱལ་ཁབ་ཆེན་པོའི་འབྲེལ་བ་གསར་པ་འཛུགས་རྒྱུར་སྔར་བས་སྐུལ་འདེད་གཏོང་དགོས་ཞེས་བཏོན་པ་དང་གྲོས་མོལ་གནང་རིང་ཐུན་མོང་གི་ངོས་འཛིན་མང་པོ་ཞིག་ཆགས་པ་དང་གྲུབ་འབྲས་མང་པོ་ཞིག་ཐོབ་ཡོད་པ་རེད།
    ཞིས་ཅིན་ཕིང་གིས་མདང་ནུབ་ང་ཚོ་གྲོས་མོལ་ཧ་ཅང་ཡག་པོ་བྱུང་སོང་། རྒྱལ་ཁབ་སོ་སོའི་ཕྱི་ནང་གི་སྲིད་ཇུས་ཐད་སྤེལ་རེས་གཏིང་ཟབ་གནང་ཡོད།ཀྲུང་ཨ་རྒྱལ་ཁབ་གཉིས་ནི་རང་རང་སོ་སོར་ཁྱད་ཆོས་ལྡན་པའི་རྒྱལ་ཁབ་ཡིན་པས་ང་ཚོར་རྒྱ་ཁྱབ་ཐུན་མོང་གི་ཁེ་ཕན་ཡོད་ལ་ཐག་གཅོད་བྱེད་མཁས་པོ་བྱེད་དགོས་པའི་ཚོར་བ་སྐྱེན་པའི་གནད་དོན་ཁག་གཅིག་ཡོད། དེ་རིང་ངེད་གཉིས་མུ་མཐུད་སྤེལ་རེས་གཏིང་ཟབ་གནང་རྒྱུའི་རེ་བ་ཡོད་ཅེས་གསུངས་པ་རེད།
    ཨའོ་པ་མས་མདང་ནུབ་ང་ཚོ་གྲོས་མོལ་གཏིང་ཟབ་གནང་བས་རང་ཉིད་ཀྱིས་ཀྲུང་གོ་ཤེས་རྟོགས་བྱ་རྒྱུར་ཕན་པ་ཧ་ཅང་ཆེན་པོ་བྱུང་། རང་ཉིད་དང་ཀྲུའུ་ཞི་ཞིས་ཅིན་ཕིང་མུ་མཐུད་ལྷག་བསམ་ཟོལ་མེད་དང་དགེ་མཚན་ལྡན་པའི་འབྲེལ་བ་དང་སྤེལ་རེས་དེ་རིགས་རྒྱུན་འཁྱོངས་བྱེད་འདོད་ཡོད་ཅེས་གསུངས་པ་རེད།
    ཞིས་ཅིན་ཕིང་གིས་ན་ནིང་ཟླ་དྲུག་པར་ཨན་ན་པོ་ཀེ་གཞིས་ཀར་རང་ཉིད་དང་ཙུང་ཐུང་ཨའོ་པ་མ་ཞལ་འཛོམས་གནང་ནས་ཀྲུང་ཨ་རྒྱལ་ཁབ་ཆེན་པོའི་འབྲེལ་བ་གསར་པ་ཐུན་མོང་ཐོག་གཏོད་རྒྱུའི་མོས་མཐུན་མགྲིན་གཅིག་ཏུ་བྱུང་ཡོད།ལོ་གཅིག་ལྷག་ཙམ་རིང་ཕྱོགས་གཉིས་ཀས་ང་ཚོའི་དབར་ཆགས་པའི་ཐུན་མོང་གི་ངོས་འཛིན་ལ་གཞིགས་ནས་ཁྱབ་ཁོངས་ཁག་གི་མཐུན་སྦྱོར་དང་མཉམ་ལས་རྒྱུན་ཆད་མེད་པར་སྐུལ་འདེད་བཏང་བར་དགེ་མཚན་ལྡན་པའི་འཕེལ་རྒྱས་བྱུང་ཡོད།ན་ནིང་ཕྱོགས་གཉིས་ཀྱི་ཚོང་དོན་དངུལ་འབོར་ཨ་སྒོར་དུང་ཕྱུར་5200ལྷག་ཙམ་ཟིན་པ་དང་།ཕྱོགས་གཉིས་ཀྱི་མ་དངུལ་བསགས་འབོར་ཨ་སྒོར་དུང་ཕྱུར་1000ལྷག་ཙམ་ཟིན་པ།མི་སྣ་འགྲོ་འོང་བྱེད་ཚད་མི་ཐེངས་ཁྲི་400ལྷག་ཙམ་ཟིན་ཡོད།རྒྱལ་ཁབ་གཉིས་ཀྱིས་གནམ་གཤིས་འགྱུར་ལྡོག་ལ་ནུས་ཤུགས་ཡོད་རྒུས་ཁ་གཏད་འཇལ་བ་དང་།ཨའེ་པོ་ལ་རིམས་ནད་ལ་འགོག་རྒོལ།འཇིགས་སྐུལ་རིང་ལུགས་ལ་ངོ་རྒོལ།དབྱི་རན་གྱི་ཉིང་རྡུལ་དང་།ཁྲའོ་ཞན་གྱི་ཉིང་རྡུལ།སི་རི་ཡ་སོགས་ཀྱི་གནད་དོན་ཐད་སྐད་ཆ་ཤོད་རེས་ཀྱི་ཐོག་ནས་ཐག་གཅོད་བྱེད་པའི་ཕྱོགས་སུ་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་བ་བཅས་བྱས་ཡོད།ཀྲུང་ཨ་རྒྱལ་ཁབ་ཆེན་པོའི་འབྲེལ་བ་གསར་པ་བཙུགས་པ་དེ་རྒྱལ་ཁབ་གཉིས་ཀྱི་མི་དམངས་ཀྱི་ཁེ་ཕན་དང་མཐུན་པ་དང་།ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེ་མོ་ཁུལ་དང་འཛམ་གླིང་གི་ཞི་བདེ་དང་།བརྟན་ལྷིང་།དར་རྒྱས་བཅས་སྲུང་སྐྱོང་བྱ་རྒྱུར་ཕན་པ་ཡོད་པ་ལག་ལེན་དངོས་ལས་ར་འཕྲོད་བྱུང་ཡོད་ཅེས་ནན་བཤད་གནང་བ་རེད།
    ཞིས་ཅིན་ཕིང་གིས་འདི་ལོ་ནི་ཀྲུང་ཨའི་དབར་ཕྱི་འབྲེལ་འབྲེལ་བ་བཙུགས་ནས་ལོ་35འཁོར་བའི་ལོ་ཞིག་ཡིན།ལོ་35འཕེལ་རྒྱས་བཏང་བ་བརྒྱུད་ཀྲུང་ཨའི་འབྲེལ་བ་དེ་ལོ་རྒྱུས་ཀྱི་འགོ་འཛུགས་ས་གསར་པའི་ཐོག་སླེབས་ཡོད།མིག་སྔའི་རྙོག་འཛིང་ཆེ་ལ་འགྱུར་ལྡོག་མང་བའི་རྒྱལ་སྤྱིའི་དུས་བབ་མདུན་དུ་ཀྲུང་ཨ་མཉམ་ལས་བྱེད་དགོས་པ་དང་མཉམ་ལས་བྱེད་པའི་ཁྱབ་ཁོངས་དེ་བས་རྒྱ་ཆེན་པོ་ཡོད།ཀྲུང་གོ་ཕྱོགས་དང་ཨ་རི་ཕྱོགས་མཉམ་དུ་སྔ་འཛིན་ཕྱི་གཏོད་དང་འབྱུང་འགྱུར་གསར་གཏོད་བྱས་ཏེ་གདོང་ཐུག་མི་ཡོང་བ་དང་།ཁ་གཏད་དུ་མི་ལངས་པ།ཕན་ཚུན་བརྩི་བཀུར།མཉམ་ལས་གཉིས་ཕན་བཅས་ཀྱི་རྩ་དོན་དོན་ཐོག་ཏུ་འཁྱོལ་བ་བྱས་ནས་ཀྲུང་ཨ་རྒྱལ་ཁབ་ཆེན་པོའི་འབྲེལ་བ་གསར་པ་བཙུགས་པ་དེས་རྒྱལ་ཁབ་གཉིས་ཀྱི་མི་དམངས་དང་རྒྱལ་ཁབ་ཁག་གི་མི་དམངས་ལ་ཕན་པ་དེ་བས་མང་བ་དང་དེ་བས་ལེགས་པ་ཐོབ་པ་བྱེད་འདོད་ཡོད།ངས་ཁྱེད་དང་ལྷན་དུ་དེའི་ཐད་འབད་བརྩོན་བྱེད་འདོད་ཡོད་ཅེས་གསུངས་པ་རེད།
    ཞིས་ཅིན་ཕིང་གིས་ཕྱོགས་གཉིས་ཀྱིས་གཙོ་གནད་ཁ་ཕྱོགས་དྲུག་ལ་ཕྱོགས་ནས་ཀྲུང་ཨ་རྒྱལ་ཁབ་ཆེན་པོའི་འབྲེལ་བ་གསར་པ་འཛུགས་རྒྱུར་སྐུལ་འདེད་གཏོང་དགོས་ཞེས་བཏོན་གནང་བ་སྟེ།
    དང་པོ།མཐོ་རིམ་འབྲེལ་བ་དང་སྤེལ་རེས་ལ་ཤུགས་སྣོན་བརྒྱབ་ནས་འཐབ་ཇུས་ཀྱི་ཕན་ཚུན་ཡིད་ཆེས་བྱེད་ཚད་ཟབ་ཏུ་གཏོང་དགོས།ངས་ཙུང་ཐུང་ཨའོ་པ་མ་དང་རྒྱུན་དུ་འབྲེལ་བ་བྱེད་འདོད་ཡོད།ཕྱོགས་གཉིས་ཀས་ཀྲུང་ཨའི་འཐབ་ཇུས་དང་དཔལ་འབྱོར་ཐད་ཀྱི་སྐད་ཆ་ཤོད་རེས་དང་སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་སྤེལ་རེས་ཀྱི་མཐོ་རིམ་གྲོས་མོལ་སོགས་ལམ་སྲོལ་རང་བཞིན་གྱི་སྐད་ཆ་ཤོད་རེས་ཀྱི་ནུས་པ་དེ་བས་ལེགས་པ་འདོན་དགོས།
    ཕྱོགས་གཉིས་ཀྱིས་ཟླ་བ་རྗེས་མར་ཀྲེ་ཅ་ཀོ་རུ་འཚོག་རྒྱུའི་ཀྲུང་ཨའི་ཚོང་དོན་མཉམ་འབྲེལ་ཨུ་ཡོན་གྱི་ཚོགས་འདུ་སྐབས་ཉེར་ལྔ་པ་ཐུན་མོང་ཐོག་ཡག་པོ་འཚོག་ནས་ཕན་འབྲས་དངོས་དེ་བས་མང་བ་ཐོན་རྒྱུའི་བརྩོན་ལེན་བྱ་རྒྱུར་རེ་བ་ཡོད།
    གཉིས་པ།ཕན་ཚུན་བརྩི་བཀུར་བྱེད་པའི་རྨང་གཞིའི་ཐོག་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་ཐག་གཅོད་ཡག་པོ་བྱེད་དགོས།ཀྲུང་ཨ་རྒྱལ་ཁབ་ནི་གནས་ཚུལ་མི་འདྲ་བའི་རྒྱལ་ཁབ་ཆེན་པོ་གཉིས་ཡིན་པའི་ངོས་ནས་ཕན་ཚུན་གྱི་བདག་དབང་དང་མངའ་ཁོངས་ཆ་ཚང་ལ་བརྩི་བཀུར་དང་རང་རང་སོ་སོས་གདམ་ག་བྱས་པའི་ཆབ་སྲིད་ཀྱི་ལམ་ལུགས་དང་འཕེལ་རྒྱས་ཀྱི་ལམ་བུར་བརྩི་བཀུར་བྱེད་དགོས་པ་ལས་རང་ཉིད་ཀྱི་འདོད་བློ་དང་བྱེད་སྟངས་ཕ་རོལ་པོར་བཙན་འགེལ་བྱེད་མི་རུང་།དེ་ནི་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་སྐྱོན་བྲལ་དང་བརྟན་པོའི་ངང་འཕེལ་རྒྱས་འགྲོ་རྒྱུ་རྒྱུན་འཁྱོངས་བྱེད་པའི་སྔོན་འགྲོ་དང་རྨང་གཞི་གལ་ཆེན་ཞིག་ཡིན།
    གསུམ་པ།ཁྱབ་ཁོངས་ཁག་གི་སྤེལ་རེས་དང་མཉམ་ལས་གཏིང་ཟབ་ཏུ་གཏོང་དགོས།ཀྲུང་གོ་དང་ཨ་རིར་རྒྱ་ཁྱབ་དང་ཐུན་མོང་གི་ཁེ་ཕན་དང་མཉམ་ལས་ཀྱི་རྨང་གཞི་བརྟན་པོ་ཡོད།ཕྱོགས་གཉིས་ཀྱིས་དཔལ་འབྱོར་ཚོང་དོན་དང་།དམག་དཔུང་གཉིས།འཇིགས་སྐུལ་ལ་ངོ་རྒོལ།ཁྲིམས་འཛིན།ནུས་རྒྱུ།འཕྲོད་བསྟེན།རྨང་གཞིའི་སྒྲིག་བཀོད་སོགས་གཙོ་གནད་ཁྱབ་ཁོངས་ནང་དངོས་སྒྲུབ་མཉམ་ལས་བྱེད་རྒྱ་ཆེ་རུ་གཏོང་བ་དང་གཏིང་ཟབ་ཏུ་བཏང་སྟེ་རྒྱལ་ཁབ་གཉིས་ཀྱི་འབྲེལ་བར་སྒུལ་ཤུགས་གསར་པ་བསྣན་དགོས།རྒྱལ་ཁབ་གཉིས་ཀྱི་སྲིད་གཞུང་དང་།གྲོས་ཚོགས།ས་གནས།རིག་མཛོད།སྨྱན་སྦྱོར།གཞོན་ནུ་སོགས་ལས་རིགས་ཁག་གི་སྤེལ་རེས་ལ་སྐུལ་འདེད་ཧུར་ཐག་བཏང་ནས་རྒྱལ་ཁབ་གཉིས་ཀྱི་འབྲེལ་བའི་སྤྱི་ཚོགས་ཀྱི་རྨང་གཞི་བརྟན་དུ་གཏོང་དགོས།
    བཞི་པ།དགེ་མཚན་ལྡན་པའི་བྱེད་ཐབས་ཐོག་ནས་མི་མཐུན་པ་དང་ཚོར་བ་སྐྱེན་པའི་གནད་དོན་ལ་དོ་དམ་ཚོད་འཛིན་བྱེད་དགོས།གནད་དོན་ཁག་གཅིག་ཐད་ཀྲུང་ཨ་གཉིས་ལ་མི་མཐུན་པ་ཡོད་པ་ནི་གཡོལ་ཐབས་བྲལ་བ་ཞིག་རེད།ཕྱོགས་གཉིས་ཀྱིས་སྐད་ཆ་ཤོད་རེས་དང་གྲོས་མོལ་བྱས་ནས་ཚོར་བ་སྐྱེན་པའི་གནད་དོན་ཐག་གཅོད་བྱེད་མཁས་པོ་བྱ་རྒྱུ་མཐའ་འཁྱོངས་བྱེད་པ་དང་ཕར་ཕྱོགས་ཀྱི་ལྟེ་བའི་ཁེ་ཕན་ལ་གནོད་པའི་བྱ་བ་མི་སྒྲུབ་པར་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་བརྟན་པོའི་ངང་འཕེལ་རྒྱས་འགྲོ་བའི་སྤྱི་ཡོངས་ནུས་ཤུགས་ཡོད་རྒུས་སྲུང་སྐྱོང་བྱེད་དགོས།
    ལྔ་པ།ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེ་མོ་ཁུལ་དུ་བསྟུན་མཁས་ངང་མཉམ་ལས་བྱེད་དགོས།ཡངས་ཤིང་རྒྱ་ཆེ་བའི་ཞི་བདེ་རྒྱ་མཚོ་ཆེ་མོའི་ནང་ཀྲུང་ཨ་རྒྱལ་ཁབ་གཉིས་མི་ཤོང་པ་མེད་ཅེས་ངས་དེ་སྔ་ཐེངས་མང་བརྗོད་མྱོང་ཡོད།ཕྱོགས་གཉིས་ཀྱིས་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེ་མོ་ཁུལ་དུ་མཉམ་འགུལ་ཧུར་ཐག་བྱ་རྒྱུར་གཞོལ་བ་དང་བསྟུན་མཁས་རང་བཞིན་གྱི་ཕྱི་འབྲེལ་ལ་ལྕག་སྐུལ་བྱས་ཏེ་ས་ཁུལ་ཞི་བདེ་དང་།བརྟན་ལྷིང་།དར་རྒྱས་བཅས་ཡོང་ཆེད་ཐུན་མོང་ཐོག་དགེ་མཚན་ལྡན་པའི་ནུས་པ་འདོན་དགོས།
    དྲུག་པ།ས་ཁུལ་དང་གོ་ལ་ཧྲིལ་པོའི་རང་བཞིན་གྱི་འགྲན་སློང་སྣ་ཚོགས་ལ་ཐུན་མོང་ཐོག་ཁ་གཏད་གཅོག་དགོས།ཀྲུང་གོ་ཕྱོགས་ཀྱིས་ཨ་རི་ཕྱོགས་དང་མཉམ་དུ་དབྱི་རན་གྱི་ཉིང་རྡུལ་དང་།ཁྲའོ་ཞན་གྱི་ཉིང་རྡུལ།ཨ་ཧྥུ་ཀ་ནི་སི་ཐན་སོགས་ས་ཁུལ་གྱི་གླེང་མང་བའི་གནད་དོན་དང་དེ་བཞིན་འཇིགས་སྐུལ་ལ་ངོ་རྒོལ་དང་།གནམ་གཤིས་འགྱུར་ལྡོགའགོ་ནད་སྔོན་འགོག་ཚོད་འཛིན་སོགས་གོ་ལ་ཧྲིལ་པོའི་རང་བཞིན་གྱི་གནད་དོན་ཐད་འབྲེལ་བ་དང་།མཐུན་སྦྱོར།མཉམ་ལས་བཅས་བྱ་རྒྱུར་ཤུགས་སྣོན་བརྒྱབ་ནས་འཛམ་གླིང་ཞི་བདེ་སྲུང་སྐྱོང་དང་མིའི་རིགས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད་ཐུན་མོང་ཐོག་དགེ་མཚན་ལྡན་པའི་ལེགས་སྐྱེས་འབུལ་འདོད་ཡོད་པ་བཅས་རེད།
    ཞིས་ཅིན་ཕིང་གིས་ཀྲུང་ཨ་ཡིས་ཀྲུང་ཨ་རྒྱལ་ཁབ་ཆེན་པོའི་འབྲེལ་བ་གསར་པ་དང་འཚམ་པའི་ཀྲུང་ཨའི་དམག་དོན་འབྲེལ་བ་གསར་པ་འཛུགས་དགོས།རྒྱལ་ཁབ་གཉིས་ཀྱི་རྒྱལ་སྲུང་པུའི་དབར་དམག་དོན་བྱ་སྤྱོད་གལ་ཆེན་ཕན་ཚུན་བརྡ་ཁྱབ་གཏོང་བ་དང་ཡིད་ཆེས་བྱེད་པའི་བྱེད་ཐབས་དང་ལམ་སྲོལ་འཛུགས་པའི་བསམ་ཤེས་དྲན་ཐོ་དང་མཚོ་ཐོག་ཏུ་འཕྲད་པའི་བདེ་འཇགས་བྱ་སྤྱོད་ཚད་གཞིའི་བསམ་ཤེས་དྲན་ཐོར་མིང་རྟགས་བཀོད་དེ་ཕྱོགས་གཉིས་ཀྱིས་དེའི་རྨང་གཞིའི་ཐོག་དམག་དཔུང་གཉིས་ཀྱི་སྤེལ་རེས་དང་།ཕན་ཚུན་ཡིད་ཆེས།མཉམ་ལས་བཅས་ཟབ་ཏུ་གཏོང་དགོས།ཀྲུང་གོ་ཕྱོགས་ཀྱིས་ཨ་རི་ཕྱོགས་དང་མཉམ་དུ་དམག་དཔུང་གཉིས་ཀྱི་མཐོ་རིམ་འགྲོ་འོང་དང་།ལམ་སྲོལ་རང་བཞིན་གྱི་སྤེལ་རེས།མཉམ་འབྲེལ་ནང་སྦྱོང་དང་དམག་སྦྱོང་སོགས་ཐད་རྒྱུན་ཆད་མེད་པར་འཕེལ་རྒྱས་གསར་པ་ཡོང་རྒྱུར་མུ་མཐུད་སྐུལ་འདེད་གཏོང་འདོད་ཡོད་ཅེས་ནན་བཤད་གནང་བ་རེད།
    ཞིས་ཅིན་ཕིང་གིས་རྒྱལ་ཁབ་གཉིས་ཀྱིས་ཚོང་དོན་དང་།ཡུལ་སྐོར།ཕྱི་རྒྱལ་དུ་སློབ་སྦྱོང་བྱེད་མཁན་བཅས་ཀྱི་ཐོངས་མཆན་གཉེར་བའི་ཐད་གཉིས་ཕན་གྱི་བཀོད་སྒྲིག་བྱས་པས་རྒྱལ་ཁབ་གཉིས་ཀྱི་མི་སྣ་འགྲོ་འོང་ལ་ཧ་ཅང་སྟབས་བདེ་ཡོང་རྒྱུ་རེད།ཀྲུང་ཨས་སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་ཀྱི་སྤེལ་རེས་ལ་ཤུགས་སྣོན་བརྒྱབ་ནས་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་འཕེལ་རྒྱས་གཏོང་ཆེད་ཡང་དག་པའི་དམངས་འདོད་དང་གླེང་ཕྱོགས་ཀྱི་ཁྲིད་སྟོན་འཛུགས་དགོས་ཞེས་གསུངས་པ་རེད།
    ཞིས་ཅིན་ཕིང་གིས་ཀྲུང་གོས་བཏོན་པའི་ཨེ་ཤེ་ཡའི་བདེ་འཇགས་ལྟ་བ་དང་ཨེ་ཤེ་ཡའི་རྨང་གཞིའི་སྒྲིག་བཀོད་མ་འཇོག་དངུལ་ཁང་དང་དར་གོས་ལམ་བུའི་ཐེབས་རྩ་འཛུགས་པ་སོགས་ཀྱི་འདོད་ཚུལ་དང་གྲོས་གཞི་ཚང་མའི་ནང་སྒོ་དབྱེ་བསྟུན་མཁས་ཀྱི་རྩ་དོན་བཟུང་ཡོད་པས་ཨ་རི་ཚུད་པའི་འབྲེལ་ཡོད་རྒྱལ་ཁབ་ཧུར་ཐག་ཞུགས་རྒྱུར་དགའ་བསུ་ཞུ་རྒྱུ་ཡིན་ཞེས་ནན་བཤད་གནང་བ་རེད།
    ཞིས་ཅིན་ཕིང་གིས་ཐའེ་དབན་མཚོ་འགག་གི་ཞི་བདེ་བརྟན་ལྷིང་སྲུང་སྐྱོང་བྱ་རྒྱུ་དེ་ཀྲུང་ཨའི་ཐུན་མོང་གི་འཐབ་ཇུས་ཁེ་ཕན་དང་འབྲེལ་བ་ཡོད།ཨ་རི་ཕྱོགས་ཀྱིས་ཀྲུང་གོ་གཅིག་གི་སྲིད་ཇུས་དང་ཀྲུང་ཨའི་མཉམ་འབྲེལ་སྤྱི་བསྒྲགས་གསུམ་གྱི་རྩ་དོན་ལ་བརྩི་སྲུང་ནན་པོ་ཞུས་ནས་ཐའེ་དབན་ལ་མཚོན་ཆ་ཚོང་མཚམས་བཞག་སྟེ་བྱ་སྤྱོད་ངོ་མའི་ཐོག་ནས་ངོགས་གཉིས་ཀྱི་འབྲེལ་བ་ཞི་བའི་ངང་འཕེལ་རྒྱས་འགྲོ་རྒྱུར་རྒྱབ་སྐྱོར་བྱ་རྒྱུའི་རེ་བ་ཡོད་ཅེས་གསུངས་པ་རེད།
    ཨའོ་པ་མས་ཨ་ཀྲུང་དབར་ཕྱི་འབྲེལ་འབྲེལ་བ་བཙུགས་ནས་ལོ་35ཡི་རིང་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་འཕེལ་རྒྱས་ཆེན་པོ་བྱུང་ནས་ས་ཁུལ་དང་འཛམ་གླིང་གི་ཞི་བདེ་དང་།བརྟན་ལྷིང་།འཕེལ་རྒྱས་བཅས་ལ་ལེགས་སྐྱེས་གལ་ཆེན་ཕུལ་ཡོད།ཨ་ཀྲུང་འབྲེལ་བ་འཕེལ་རྒྱས་ཕྱིན་པ་དེས་རྒྱལ་ཁབ་གཉིས་དང་འཛམ་གླིང་ལ་བདེ་སྐྱིད་དེ་བས་མང་བ་བསྐྲུན་རྒྱུར་ངས་རེ་སྒུག་བྱེད་ཀྱི་ཡོད།ངས་ཀྲུའུ་ཞི་ཞིས་ཅིན་ཕིང་གིས་བཏོན་པའི་འདོད་ཚུལ་དང་གྲོས་འགོར་མཐོང་ཧ་ཅང་ཆེན་པོ་བྱེད་པ་དང་སྤེལ་རེས་དང་སྐད་ཆ་ཤོད་རྒྱུར་ཤུགས་སྣོན་རྒྱག་པ།ཕན་ཚུན་ཤེས་རྟོགས་དང་ཡིད་ཆེས་ཟབ་ཏུ་གཏོང་བ།གཉིས་ཕན་མཉམ་ལས་རྒྱ་ཆེར་གཏོང་བ།དགེ་མཚན་ལྡན་པའི་ངང་མི་མཐུན་སར་དོ་དམ་ཚོད་འཛིན་བཅས་བྱས་ནས་ཨ་ཀྲུང་རྒྱལ་ཁབ་ཆེན་པོའི་འབྲེལ་བ་གསར་པར་ཐུན་མོང་ཐོག་སྐུལ་འདེད་གཏོང་རྒྱུར་མོས་མཐུན་ཡོད།ཨ་རིས་ཞི་བདེ་དང་།དར་རྒྱས།བརྟན་ལྷིང་།རྒྱལ་སྤྱིའི་ཐོག་ནུས་པ་དེ་བས་ཆེ་བ་ཐོན་པ་བཅས་ཀྱི་ཀྲུང་གོ་ཞིག་ལ་དགའ་བསུ་ཞུ་བ་དང་རྒྱབ་སྐྱོར་བྱེད་པ་དེ་ཨ་རིའི་ཁེ་ཕན་དང་མཐུན་པ་ངས་བསྐྱར་བསྒྲགས་བྱེད་འདོད་ཡོད།ཨ་རི་ཕྱོགས་ཀྱིས་ཀྲུང་གོའི་གཅིག་གྱུར་ལ་སྐོར་སྐྱིལ་དང་ཡང་ན་གནོད་འཚེ་གཏོང་སེམས་མེད།ཐའེ་དབན་གྱི་གནད་དོན་ཐད་ཀྱི་ཨ་རི་ཕྱོགས་ཀྱི་ལངས་ཕྱོགས་ལ་འགྱུར་བ་བྱུང་མེད།ཨ་རིས“ཐའེ་དབན་རང་བཙན”ལ་རྒྱབ་སྐྱོར་མི་བྱེད་པར་ངོགས་གཉིས་ཀྱི་འབྲེལ་བ་ལེགས་སུ་གཏོང་རྒྱུར་རྒྱབ་སྐྱོར་མཐའ་གཅིག་ཏུ་བྱེད་ཅིང་།འཕེལ་ཕྱོགས་དེ་མུ་མཐུད་རྒྱུན་འཁྱོངས་བྱ་རྒྱུའི་རེ་བ་ཡོད།ཨ་རི་ཕྱོགས་ཀྱིས་བོད་ནི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཆ་ཤས་ཤིག་ཡིན་པ་ཁས་བླངས་ནས“བོད་རང་བཙན”ལ་རྒྱབ་སྐྱོར་བྱེད་ཀྱི་མེད།ཨ་རི་ཕྱོགས་ཀྱིས་ཀྲུང་གོའི་སྒྱུར་བཅོས་སྒོ་དབྱེར་རྒྱབ་སྐྱོར་བྱེད་པ་དང་ཕྱོགས་གཉིས་ཀྱིས་སྔར་བས་བྱེད་ཐབས་སྤྱད་དེ་ཕྱོགས་གཉིས་ཀྱི་ཚོང་དོན་དོ་སྙོམས་ངང་འཕར་རྒྱུར་སྐུལ་འདེད་གཏོང་བ་དང་ཞིང་ལས་དང་འབྲུ་རིགས་བདེ་འཇགས་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཤུགས་སྣོན་རྒྱག་རྒྱུའི་རེ་བ་ཡོད།ཨ་རི་ཕྱོགས་ཀྱིས་རྒྱལ་ཁབ་གཉིས་ཀྱི་དམངས་ཁྲོད་ཀྱི་འགྲོ་འོང་ལ་རྒྱབ་སྐྱོར་བྱེད་ཀྱི་ཡོད།ཨ་རི་ཕྱོགས་ཀྱིས་ཨ་ཀྲུང་དམག་དཔུང་གཉིས་ཀྱི་འབྲེལ་བ་འཕེལ་རྒྱས་འགྲོ་རྒྱུར་དགའ་བསུ་ཞུ་བ་དང་དེ་བས་རྒྱ་ཆེ་བའི་ཁྱབ་ཁོངས་ནང་དམག་དཔུང་གཉིས་ཀྱིས་སྤེལ་རེས་དང་།སྐད་ཆ་ཤོད་རེས།མཉམ་ལས་ལ་ཤུགས་སྣོན་བཅས་བརྒྱབ་ནས་བརྡར་ཤ་གཅོད་ནོར་མི་ཤོར་བ་དང་གདོང་ཐུག་མི་ཡོང་བའི་རེ་བ་བྱེད་ཀྱི་ཡོད།ཨ་རིར་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེ་མོ་ཁུལ་དུ་ཀྲུང་གོ་དང་མཉམ་དུ་འགྲན་རྩོད་མིན་པའི་མཉམ་ལས་ཀྱི་འབྲེལ་བ་བཙུགས་ནས་ཐུན་མོང་ཐོག་ས་ཁུལ་གྱི་བདེ་འཇགས་དང་བརྟན་ལྷིང་སྲུང་སྐྱོང་བྱ་རྒྱུའི་ལྷག་བསམ་ཡོད་ཅེས་གསུངས་པ་རེད།
    རྒྱལ་ཁབ་གཉིས་པོའི་གཙོ་བདག་གིས་ཕྱོགས་གཉིས་དང་།ས་ཁུལ།གོ་ལ་ཧྲིལ་པོ་བཅས་རིམ་ངོས་ཀྱི་མཉམ་ལས་ལ་ཤུགས་སྣོན་རྒྱག་པའི་ཐད་གྲུབ་འབྲས་གལ་ཆེན་དང་ཐུན་མོང་གི་ངོས་འཛིན་མང་པོ་ཞིག་ཆགས་པ་དང་ཕྱོགས་གཉིས་ཀྱི་མ་འཇོག་གྲོས་ཆོད་ལ་གྲོས་མོལ་བྱེད་པའི་འཕེལ་རིམ་མགྱོགས་སུ་བཏང་སྟེ་ལོ་མཇུག་གོང་ལྟེ་བའི་གནད་དོན་དང་དོན་ཚན་གཙོ་བོའི་སྐོར་ངོས་འཛིན་གཅིག་མཐུན་ཡོང་བ་བྱས་ནས་2015ལོར་མི་ཆོག་གསལ་ཐོ་གྲོས་མོལ་བྱེད་འགོ་འཛུགས་རྒྱུའི་བརྩོན་ལེན་བྱ་རྒྱུའི་མོས་མཐུན་གནང་བ་རེད།རྒྱལ་ཁབ་གཉིས་དབར་ཆ་འཕྲིན་ལག་རྩལ་གྲོས་ཆོད་ཀྱི་ཁྱབ་ཁོངས་རྒྱ་ཆེར་གཏོང་བའི་གྲོས་མོལ་ལ་ངོས་འཛིན་གཅིག་མཐུན་བྱུང་བར་ཕྱོགས་གཉིས་ཀྱིས་གདེང་འཇོག་ཧུར་ཐག་གནང་བ་རེད།
    ཀྲུང་ཨ་ཕྱོགས་གཉིས་ཀྱིས《ཀྲུང་ཨ་གནམ་གཤིས་འགྱུར་ལྡོག་གི་མཉམ་འབྲེལ་གསལ་བསྒྲགས》ཐུན་མོང་ཐོག་སྤེལ་ནས་རང་རང་སོ་སོའི་2020ལོའི་རྗེས་ཀྱི་བྱ་སྤྱོད་ཀྱི་དམིགས་ཚད་ཁྱབ་བསྒྲགས་བྱས་པ་མ་ཟད།རྒྱལ་སྤྱིའི་གནམ་གཤིས་འགྱུར་ལྡོག་གི་གྲོས་མོལ་དེ་2015ལོར་ཕ་རི་སིར་དུས་བཀག་བཞིན་འཚོག་རྒྱུར་མཉམ་དུ་སྐུལ་འདེད་བཏང་ནས་ནུས་རྒྱུ་གཙང་མ་དང་ཁོར་ཡུག་སྲུང་སྐྱོང་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཤུགས་སྣོན་རྒྱག་རྒྱུ་རེད།ཕྱོགས་གཉིས་ཀྱིས་ཕར་ཕྱོགས་རྒྱལ་ཁབ་ཀྱི་ཚོང་དོན་དང་ཡུལ་སྐོར་བར་ལོ་བཅུའི་རིང་ཐོངས་མཆན་ཐེངས་མང་སྤྲོད་པ་དང་ཕྱི་རྒྱལ་དུ་སློབ་སྦྱོང་བྱེད་མཁན་ལ་ལོ་ལྔའི་རིང་ཐོངས་མཆན་ཐེངས་མང་སྤྲོད་རྒྱུ་ཡིན་པ་རེད།
    རྒྱལ་ཁབ་གཉིས་ཀྱི་གཙོ་བདག་གིས་རྣམ་པ་མཐའ་དག་གི་འཇིགས་སྐུལ་རིང་ལུགས་ལ་ངོ་རྒོལ་མཐའ་གཅིག་ཏུ་བྱས་ནས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྩ་འཛིན་དང་རྒྱལ་སྤྱིའི་འབྲེལ་བའི་གཞི་རྩའི་ཚད་གཞིའི་རྨང་གཞིའི་ཐོག་རྒྱལ་སྤྱིའི་འཇིགས་སྐུལ་ལ་ངོ་རྒོལ་བྱེད་པའི་མཉམ་ལས་བྱས་ཏེ་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་འབྲེལ་ཡོད་གྲོས་ཆོད་མུ་མཐུད་དོན་འཁྱོལ་བྱ་རྒྱུ་དང་།ཕྱོགས་གཉིས་ཀྱིས་ཁྲིམས་འཛིན་མཉམ་ལས་ལ་ཤུགས་སྣོན་བརྒྱབ་ནས་བྲོས་བྱོལ་རྗེས་སྙེགས་དང་བརྐུས་དངུལ་ཚུར་ལེན་དང་།དུག་འགོགདྲ་རྒྱའི་ཉེས་གསོག་ལ་རྡུང་རྡེག་གཏོང་བ་སོགས་ཀྱི་ཐད་མུ་མཐུད་མཉམ་ལས་བྱ་རྒྱུ།ཕྱོགས་གཉིས་ཀྱིས་རྒྱལ་སྤྱིའི་སྤྱི་ཚོགས་དང་མཉམ་དུ་གླིང་ཆེན་ཨ་ཧྥེ་རི་ཁའི་རིམས་ནད་ཁུལ་གྱི་ཨའེ་པོ་ལ་རིམས་ནད་ལ་འགོག་རྒོལ་བྱེད་པར་མུ་མཐུད་རོགས་རམ་བྱ་རྒྱུ།ཕྱོགས་གཉིས་ཀྱིས་དབྱི་རན་གྱི་ཉིང་རྡུལ་དང་།ཁྲའོ་ཞན་གྱི་ཉིང་རྡུལ།ཨ་ཧྥུ་ཀ་ནི་སི་ཐན་སོགས་ཀྱི་གནད་དོན་ལ་མུ་མཐུད་སྐད་ཆ་ཤོད་རེས་དང་མཉམ་ལས་བྱ་རྒྱུར་ཤུགས་སྣོན་བརྒྱབ་ནས་འབྲེལ་ཡོད་གནད་དོན་ཐག་གཅོད་བྱེད་མཁས་པོ་བྱ་རྒྱུར་སྐུལ་འདེད་གཏོང་རྒྱུ་བཅས་ཀྱི་བསྐྱར་བསྒྲགས་གནང་བ་རེད།
    རྒྱལ་ཁབ་གཉིས་ཀྱི་གཙོ་བདག་གིས་ད་དུང་ལྷོ་མཚོ་དང་།འགྲོ་བ་མིའི་ཐོབ་ཐང་།དྲ་རྒྱའི་བདེ་འཇགས།རྒྱལ་ཁབ་གཉིས་ཀྱི་དངུལ་ལོར་སྲིད་ཇུས་སོགས་ཀྱི་གནད་དོན་ལ་དགོངས་འཆར་བརྗེ་རེས་གནང་བ་དང་ཞིས་ཅིན་ཕིང་གིས་ཀྲུང་གོ་ཕྱོགས་ཀྱི་རྩ་དོན་དང་ལངས་ཕྱོགས་རྒྱས་བཤད་གནང་བ་རེད།
    གྲོས་མོལ་མ་གནང་གོང་མི་དམངས་ཚོགས་ཁང་ཆེ་མོའི་བྱང་ངོས་ཚོམས་ཆེན་དུ་ཞིས་ཅིན་ཕིང་གིས་ཨའོ་པ་མར་དགའ་བསུ་ཞུ་བའི་མཛད་སྒོ་འཚོགས་ཤིང་།ཝང་ལུའུ་ཉིང་དང་།ལི་ཀྲན་ཧྲུའུ།ཀྲང་ཕིང་།དབྱང་ཅེ་ཁྲེ།ཧན་ཆི་ཏེ་སོགས་གྲོས་མོལ་ནང་ཞུགས་ཡོད་པ་རེད།