འཚོལ་བཤེར།   
藏文频道
2014ལོའི་ཟླ་10ཚེས་31ཉིན།
  • མི་དམངས་དྲ་བ།

    ༄༅།།ཝུའུ་དབྱིང་ཅེས་བོད་རང་སྐྱོང་ལྗོངས་ཡིག་ཚགས་ཁང་གསར་པ་དང་བོད་ལྗོངས་གསར་བརྗེ་
    འཛུགས་སྐྲུན་སྒྱུར་བཅོས་དྲན་གསོ་ཁང་གི་རྣམ་གྲངས་གྲབས་འཛུགས་ལ་བརྟག་ཞིབ་གནང་བ།

    གསར་འགྱུར་སྤེལ་དུས།  【2014ལོའི་ཟླ་ 10ཚེས་31ཉིན། 10:04】   (རྩོམ་སྒྲིག་འགན་འཁུར་པ། ལྷ་ལུང་།)

     
        མི་དམངས་དྲ་བའི་འཕྲིན། ཟླ་10ཚེས་28ཉིན་གྱི་སྔ་དྲོ་ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཧྲུའུ་ཅི་གཞོན་པ་ཝུའུ་དབྱིང་ཅེས་ལྷ་སར་རང་སྐྱོང་ལྗོངས་ཡིག་ཚགས་ཁང་གསར་པ་དང་བོད་ལྗོངས་གསར་བརྗེ་འཛུགས་སྐྲུན་སྒྱུར་བཅོས་དྲན་གསོ་ཁང་གི་རྣམ་གྲངས་གྲབས་འཛུགས་ལ་བརྟག་ཞིབ་གནང་བ་རེད།
        རང་སྐྱོང་ལྗོངས་ཡིག་ཚགས་ཁང་དུ་ཝུའུ་དབྱིང་ཅེ་དང་བཅས་པས་རང་སྐྱོང་ལྗོངས་ཡིག་ཚགས་ཁང་གསར་པའི་འཛུགས་སྐྲུན་རྣམ་གྲངས་ཀྱི་གྲ་སྒྲིག་ལས་དོན་འཕེལ་ཚུལ་གསན་པ་རེད།ཝུའུ་དབྱིང་ཅེས་རང་སྐྱོང་ལྗོངས་ཡིག་ཚགས་ཁང་ནི་རང་ལྗོངས་ཀྱི་ལོ་རྒྱུས་ཡིག་ཚགས་དང་རྒྱལ་ཁབ་བསྐྲུན་རྗེས་ཀྱི་རང་སྐྱོང་ལྗོངས་ཁོངས་གཏོགས་ཀྱི་ལས་ཁུངས་ཀྱི་གཏན་ཉར་གྱི་རིན་ཐང་ལྡན་པའི་ཡིག་ཚགས་གཅིག་སྡུད་དུ་དོ་དམ་བྱེད་པའི་སྒྲིག་གཞི་གལ་ཆེན་ཞིག་ཡིན།རང་སྐྱོང་ལྗོངས་ཡིག་ཚགས་ཁང་གསར་པ་བསྐྲུན་རྒྱུ་ནི་ཧྲུའུ་ཅི་ཁྲེན་ཆོན་གོའི་མཛུབ་སྟོན་གལ་ཆེན་གྱི་བླང་བྱ་ལག་བསྟར་དོན་འཁྱོལ་བྱས་ནས་རང་ལྗོངས་ཀྱི་ཡིག་ཚཌ་བྱ་གཞག་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་བའི་བྱེད་ཐབས་གལ་ཆེན་ཞིག་ཡིན། ཡིག་ཚགས་ཁང་གསར་པ་ཇུས་འགོད་དང་འཛུགས་སྐྲུན་བྱེད་པར་ངེས་པར་དུ་ཞིང་ཆེན་རིམ་པའི་ཡིག་ཚགས་གལ་ཆེན་ཉར་ཚགས་སྒྲིག་གཞིའི་ངེས་གནས་ལ་གཞི་འཛུགས་པ་དང་།བོད་ཀྱི་རང་བྱུང་ས་ཁམས་དང་།བཟོ་སྐྲུན་འཆར་འགོད།ལོ་རྒྱུས་དང་སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་ཀྱི་ཁྱད་ཆོས་བཅས་དང་ཟུང་འབྲེལ་བྱེད་པ།ཡིག་ཚགས་ཁང་གསར་པ་དེ་ཡིག་ཚགས་བདེ་འཇགས་ངང་ཉར་ཚགས་དང་།འགྲེམས་སྟོན་དྲིལ་བསྒྲགས།ཚན་རིག་དང་མཐུན་པའི་བེད་སྤྱོད་སོགས་ཕྱོགས་མང་བའི་དགོས་མཁོ་སྐོང་ཐུབ་ལ་ཡིག་ཚགས་ཀྱི་ཆ་འཕྲིན་ཅན་དང་།སྒོ་དབྱེ་ཅན།ཞབས་ཞུའི་རང་བཞིན་བཅས་མཚོན་པའི་ཕྱོགས་བསྡུས་རང་བཞིན་གྱི་ཡིག་ཚགས་ཁང་ཞིག་ཏུ་སྐྲུན་ཐུབ་པ་བྱེད་དགོས།བོད་ཀྱི་ཁྱད་ཆོས་ལྡན་པའི་རིག་གནས་མངོན་པ་དང་།བརྗིད་ཉམས་ཆེ་བ་དང་བབ་བརླིང་ལྡན་པའི་རྩ་དོན་ལ་གཞིགས་པ།ཇུས་འགོད་ཀྱི་ཇུས་གཞི་སྔར་བས་འཐུས་ཚང་དུ་གཏོང་བ་བཅས་བྱས་ནས་ཡིག་ཚགས་ཁང་གསར་པ་དེ་དེང་རབས་ཀྱི་ཉམས་འགྱུར་ལྡན་ལ་ལོ་རྒྱུས་རིག་གནས་ཕུན་སུམ་ཚོགས་པའི་སྐྲུན་དངོས་ཤིག་དང་ལོ་རྒྱུས་དང་མི་དམངས་ཀྱི་ཞིབ་བཤེར་ཐོབ་པའི་ལས་གྲྭ་རྩེ་གྲ་ཞིག་ཏུ་གྱུར་པ་བྱ་དགོས་ཞེས་གསུངས་པ་རེད།
        དེ་རྗེས་ཝུའུ་དབྱིང་ཅེ་དང་བཅས་པ་བོད་ལྗོངས་གསར་བརྗེ་འཛུགས་སྐྲུན་སྒྱུར་བཅོས་དྲན་གསོ་ཁང་གི་ས་ཆ་འདེམས་ཡུལ་དུ་རྟོག་ཞིབ་གནང་བར་ཕེབས་པ་རེད།ཝུའུ་དབྱིང་ཅེས་བོད་ལྗོངས་གསར་བརྗེ་འཛུགས་སྐྲུན་སྒྱུར་བཅོས་དྲན་གསོ་ཁང་ནི་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་བསྐྲུན་རྒྱུའི་ཆོག་མཆན་གནང་བའི་བོད་རང་སྐྱོང་ལྗོངས་ཀྱི“ལོ་ལྔ་ཚན་བཅུ་གཉིས་པའི”རྣམ་གྲངས་གལ་ཆེན་ཞིག་ཡིན་ཞིང་།དེར་བོད་ཞི་བས་བཅིངས་འགྲོལ་བཏང་ཚུན་གྱི་གསར་བརྗེ་འཛུགས་སྐྲུན་སྒྱུར་བཅོས་བཅས་ཀྱི་ལོ་རྒྱུས་ལ་དྲན་གསོ་ཞུ་བ་དང་དྲིལ་བསྒྲགས་བྱེད་པ་དང་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོར་སྔར་བས་ཤུགས་སྣོན་རྒྱག་རྒྱུར་གལ་འགངས་ཆེ་ལ་གཏིང་ཟབ་པའི་དོན་སྙིང་ལྡན་ཡོད།རིམ་པ་ཁག་དང་སྡེ་ཚན་ཁག་གིས་བོད་ལྗོངས་གསར་བརྗེ་འཛུགས་སྐྲུན་སྒྱུར་བཅོས་དྲན་གསོ་ཁང་འཛུགས་སྐྲུན་ལས་དོན་ལ་ཚད་མཐོའི་མཐོང་ཆེན་བྱེད་པ་དང་།མི་ལ་སློབ་གསོ་གཏོང་བ་དང་།ཁྲིད་སྟོན་བྱེད་པ།སྐུལ་ལྕག་གཏོང་བ་བཅས་ཀྱི་ཕྱོགས་བསྡུས་རང་བཞིན་གྱི་གསར་བརྗེའི་ལོ་རྒྱུས་དྲན་གསོ་ཁང་གི་ནུས་པ་འདོན་སྤེལ་གང་ལེགས་བྱ་རྒྱུར་དམ་པོར་དམིགས་པ།འཛུགས་སྐྲུན་གྱི་ཇུས་གཞི་འཆར་འགོད་ཞིབ་ཚགས་བྱེད་པ།ཚན་རིག་དང་མཐུན་པ་དང་ལུགས་དང་མཐུན་པའི་སྒོ་ནས་ས་ཆ་འདེམས་པ་དང་བཀོད་སྒྲིག་བྱེད་པ།དྲན་གསོ་ཁང་འཛུགས་སྐྲུན་གྱི་ལས་དོན་ཁག་གི་གཅིག་གྱུར་འཆར་འགོད་ལ་སྐུལ་འདེད་གཏོང་བ།དྲན་གསོ་ཁང་དེ་ཉིད་རང་ལྗོངས་ཀྱི་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོའི་རྟེན་གཞི་གལ་ཆེན་གཞན་ཞིག་ཏུ་སྐྲུན་ཐུབ་པ་བྱེད་པ།བོད་ཞི་བས་བཅིངས་འགྲོལ་དང་།དམངས་གཙོའི་བཅོས་སྒྱུར།སྤྱི་ཚོགས་རིང་ལུགས་འཛུགས་སྐྲུན།སྒྱུར་བཅོས་སྒོ་དབྱེ་བཅས་ལོ་རྒྱུས་ཀྱི་དུས་མཚམས་སོ་སོའི་ནང་ཀྲུང་གོ་གུང་ཁྲན་ཏང་མིས་ཕུལ་བའི་དཀའ་སྤྱད་གཟེངས་སུ་ཐོན་པའི་འབད་བརྩོན་དང་ཐོབ་པའི་བྱས་རྗེས་རླབས་ཆེན་རྣམས་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཀྱིས་གསོན་ཉམས་ལྡན་པའི་སྒོ་ནས་ཤེས་རྟོགས་ཐུབ་ཏུ་འཇུག་དགོས་པ་བཅས་རེད་ཅེས་ནན་བཤད་གནང་བ་རེད།
      

    ཕྱོགས་བསྡུས་གསར་འགྱུར།